མ་འཇིགས། དཀོན་མཆོག་ཁྱེད་དང་མཉམ་དུ་བཞུགས།
སྐབས་རེར་ང་ཚོ་ཅི་ཞིག་ལ་འཇིགས་སྐྲག་སྐྱེ། ཁྱིམ་མི་ཞིག་བརླག་པའི་འཇིགས་སྐྲག་དང་། འཆི་བའམ་བཙན་གནོན་གྱི་འཇིགས་སྐྲག ལས་ཀ་བརླག་པའི་འཇིགས་སྐྲག ལས་ལས་ཕྱིར་ཐོན་པའི་འཇིགས་སྐྲག་སོགས་ཡོད་སྲིད། ང་ཚོ་འཇིགས་སྐབས་ཅི་ཞིག་བྱེད་དགོས། ང་ཚོ་རང་ཉིད་ཀྱིས་འཇིགས་སྐྲག་ལ་ཇི་ལྟར་ཁ་གཏད་བྱེད་ཐུབ། འཇིགས་སྐྲག་སྐོར་ལ་དཔེ་ཆ་དམ་པས་ཅི་ཞིག་གསུངས་ཡོད།
འཇིགས་དུས་བདག་གིས་ཁྱེད་ལ་བློ་གཏད༌བྱ།།( གསུང༌མགུར། 56:3 )
འཇིགས་མཁན་ཁྱེད་གཅིག་པུ་མ་རེད། དངོས་གནས་འཛམ་གླིང་སྟེང་གི་མི་རེ་རེས་མི་ཚེའི་དུས་སྐབས་གང་རུང་ཞིག་ལ་ཅི་ཞིག་ལ་འཇིགས་སྐྲག་སྐྱེ་གི་ཡོད།
ཐོག་མར་ང་ཚོས་འདི་གོ་དགོས། ང་ཚོ་འདས་པའི་དུས་སུ་བྱུང་ཟིན་པའི་དོན་ལ་མི་འཇིགས། ད་ལྟ་སྐད་ཅིག་འདིར་འབྱུང་བཞིན་པའི་དོན་ལའང་མི་འཇིགས། ང་ཚོ་མ་འོངས་པར་འབྱུང་སྲིད་པའི་དོན་ལ་འཇིགས་ཏེ། སྐར་ཆ་གཅིག་དང་། ཆུ་ཚོད་གཅིག ཟླ་བ་གཅིག་གམ་ལོ་གཅིག་གི་རྗེས་སུ་འབྱུང་སྲིད་པ་དེ་ལ་འཇིགས།
ད་ལྟ་ཁྱེད་ཀྱི་བསམ་པར་ཁྱེད་ཀྱི་མ་འོངས་པའི་བདག་དབང་སུའི་ལག་ཏུ་ཡོད། བསམ་ཞིབ་གྱིས་དང་། ཁྱེད་ལས་ཀ་ནས་ཕྱིར་འབུད་བྱེད་སྲིད་པའི་ལས་དཔོན་ཡིན་ནམ། ཁྱེད་ཀྱི་ཁྱིམ་མི་འཆི་བ་ལས་སྐྱོབ་པར་འབད་བཞིན་པའི་སྨན་པ་ཡིན་ནམ། ཁྱེད་གསོད་པར་འབད་བཞིན་པའི་དགྲ་བོ་ཡིན་ནམ། ཡང་ན་ཁྱེད་རང་ཉིད་ཀྱིས་མ་འོངས་པ་ལ་དབང་སྒྱུར་བྱེད་ཀྱི་ཡོད་པ་དང་། ཁྱེད་ཀྱིས་སྤོ་བའི་གོམ་པ་ཞིག་གིས་འཆི་བའི་མཇུག་འབྲས་འབྱུང་སྲིད་དམ།
དངོས་གནས་མི་སུས་ཀྱང་རང་གི་མ་འོངས་པ་ལ་དབང་སྒྱུར་བྱེད་མི་ཐུབ། ཁྱེད་ཀྱིས་ཀྱང་བྱེད་མི་ཐུབ། ཕྱུག་པོ་ཞིག་གིས་རང་གི་བང་མཛོད་དུ་འབྲུ་རིགས་མང་པོ་བསགས་ནས་རང་གི་མ་འོངས་པ་བདེ་འཇགས་བཟོ་བར་འབད་པའི་སྐོར་ལ་ཡེ་ཤུས་གསུངས་པ་འདི་ཡིན།
འོན་ཀྱང་དཀོན་མཆོག་གིས་ཁོ་རང་ལ་འདི་སྐད༌དུ། གླེན་པ༌ཁྱོད། དོ་དགོང་གི་དུས་འདི་ལ་ཁྱོད་ཀྱི་ཚེ་སྲོག་ལེན་པར༌འགྱུར། ཁྱོད་ཀྱིས་སྟ་གོན་བྱས་ནས་བསགས་པའི་རྒྱུ་ནོར་དེ་སུ་ལ་དབང་ངམ་བལྟ་ཞེས་གསུངས༌པའོ།།( ལོ་ཀུ 12:20 )
འོན་ཀྱང་ཁྱེད་སུ་དང་མཉམ་དུ་མ་འོངས་པར་འགྲོ་རྒྱུ་དེ་ཁྱེད་ཀྱི་ལག་ཏུ་ཡོད། ཁྱེད་དཀོན་མཆོག་དང་མཉམ་དུ་འགྲོ་ཐུབ། ཡང་ན་དཀོན་མཆོག་མེད་པར་འགྲོ་ཐུབ།
ད་བར་ཁྱེད་ཀྱི་མི་ཚེ་ལ་ཁྲིད་ནས་འཇིགས་སྐྲག་འདི་སྐྱེས་པའི་རྒྱུ་གང་ཡིན་རུང་། དེ་ཕྱིར་བཞག་ཤོག ཁྱེད་ཀྱི་འདས་པའི་མུན་ནག་ལས་རྒྱང་རིང་དུ་དཀོན་མཆོག་དང་མཉམ་དུ་འགྲོ་ཞིག
གལ་ཏེ་ཁྱེད་ལ་ཕ་ཡོད་པའི་སྐལ་བ་བཟང་ན། ཁྱེད་ཆུང་དུས་ཁོང་དང་མཉམ་དུ་ཡོད་སྐབས་རང་ཉིད་ག་འདྲའི་བདེ་འཇགས་དང་སྲུང་སྐྱོབ་ཡོད་པ་ཚོར་བ་དེ་དྲན་དང་། ཁོང་གིས་ཁྱེད་ཀྱི་ལག་པ་བཟུང་ནས་མཉམ་དུ་འགྲོ་སྐབས། ཁྱེད་ལ་བདེ་འཇགས་དང་དགའ་སྤྲོ་ཚོར།
ད་ཁྱེད་ལ་ཁྱེད་བཀོད་པ་དང་། ཁྱེད་ལ་ཐུགས་བརྩེ་ཟབ་མོ་ཡོད་པ། ད་ནས་བཟུང་ཁྱེད་དང་མཉམ་དུ་འགྲོ་ཐུབ་པའི་གནམ་གྱི་ཡབ་ཡོད།
ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ད་ལྟ་ཁྱེད་ནི་སྔར་བཞིན་ང་ཚོའི་ཡབ་ཡིན། ང་ཚོ་འཇིམ་པ་དང་ཁྱེད་ནི་འཇིམ་པ་བཟོ་མཁན་ལགས་ཏེ། ང་ཚོ་ཚང་མ་ཁྱེད་ཀྱི་ཕྱག་གིས་བཟོས་པའོ། །( ཡེ་ཤ་ཡཱ། 64:8 )
ཁོང་ནི་འཛམ་གླིང་སྟེང་གི་མི་གཞན་སུ་ལས་ཀྱང་ཤིན་ཏུ་སྟོབས་ཆེ་ཞིང་མཐུ་ལྡན་ཡིན།
ཁོང་གིས་བྱང་སྣེ་མཁའ་རུ་ཁེབས་པར་མཛད། ། ས་གཞི་སྟོང་པའི་ནམ་མཁར་དཔྱང་བར་མཛད། ། ཁོང་གིས་སྤྲིན་པའི་ནང་དུ་ཆུ་རྣམས་འཐུམ། ། ཆུ་ནི་མང་ཡང་སྤྲིན་ནི་མ་ཐོར་ཏེ། ། ཁོང་གིས་བཞུགས་ཁྲིའི་མདུན་ངོས་འགེབ་བྱེད་ཅིང་། ། དེ་ཡི་སྟེང་དུ་ཆུ་འཛིན་འདིང་བར་མཛད། ། འོད་དང་མུན་པ་གཉིས་པོའི་མཐའ་མཚམས་སུ། ། ཁོང་གིས་ཆུ་ངོས་ཟླུམ་པོའི་དབྱེ་མཚམས་བཅད། ། ཁོང་གི་བཀའ་བཀྱོན་རྐྱེན་གྱིས་ནམ་མཁའ་ཡི། ། ཀ་བ་རྣམས་ཀྱང་འདར་ཞིང་འཁྱོར་བར་གྱུར། ། ཁོང་གི་ནུས་མཐུས་རྒྱ་མཚོ་དཀྲུགས་མཛད་ཅིང་། ། མཁྱེན་རབ་ཀྱིས་ནི་ར་ཧབ་འཇོམས་པར་མཛད། ། ཁོང་གི་ཐུགས་ཀྱིས་ནམ་མཁའ་དྭངས་པར་མཛད། ། ཁོང་གི་ཕྱག་གིས་འཁྱུག་པའི་སྦྲུལ་ཡང་བཅོམ། ། ལྟོས་དང་འདི་ནི་ཁོང་གི་མཛད་པའི་ཟུར་ཙམ་དང་། ། ང་ཚོས་ཐོས་པ་ཁོང་གི་ཤུབ་སྐད་ཙམ་ཡིན་ཞིང་། ། ཁོང་གི་འབྲུག་སྒྲའི་དབང་ནི་སུ་ཡིས་རྟོགས་ནུས་སམ། །( ཨེས་ཡོབ། 26:7-14 )
ཁྱེད་ཀྱི་ཡབ་ཀྱིས་ཁྱེད་ཀྱི་མི་ཚེ་ལ་ཁྲིད་དུ་ཆུག ཁོང་གིས་ཁྱེད་ཀྱི་མ་འོངས་པ་ལ་གཟིགས་སྐྱོང་གནང་དུ་ཆུག ཁྱེད་ཆུང་དུས་ཕ་མས་བསྐོར་བའི་དགའ་སྤྲོའི་ཚོར་བ་དེ་དྲན་ན། དེ་སླར་ལོག་ཏུ་ལེན་ཤོག ཡང་བསྐྱར་རང་གི་སེམས་ཁྲལ་ཕ་མའི་ལག་ཏུ་གཏོད་པའི་བྱིས་པ་ཞིག་ཏུ་གྱུར་ཅིག
བདག་ནི་ཁྱོད་དང་མཉམ་དུ་ཡོད་པས་མ་འཇིགས་ཤིག བདག་ནི་ཁྱོད་ཀྱི་དཀོན་མཆོག་ཡིན་པས་དཔའ་མ་ཞུམ། བདག་གིས་ཁྱོད་རང་བརྟན་པོར་བྱེད་ཅིང་ཁྱོད་ལ་རོགས་བྱས་ནས། བདག་གི་དྲང་གཞག་གི་ལག་གཡས་པས་ཁྱོད་རང་སྐྱོར་བར་བྱའོ། །( ཡེ་ཤ་ཡཱ། 41:10 )
གལ་ཏེ་ང་ཚོས་དཀོན་མཆོག་ལ་དེ་བས་ངོ་ཤེས་ན། དེས་ང་ཚོར་ཁོང་གི་མཐུ་སྟོབས་གོ་བར་རོགས་བྱེད། མི་སྣ་ཡོ་ཧ་ནན་གྱིས་ཁོང་ལ་འདི་ལྟར་འགྲེལ་བཤད་བྱས་ཡོད།
དཀོན་མཆོག་ནི་འོད་ཟེར་ཡིན་པས་ཁོང་ལ་མུན་ནག་གཏན་ནས་མེད་དོ།། འདི་ནི་ངེད་ཅག་གིས་སྐྱབས་མགོན་ཡེ་ཤུ་ནས་ཐོས་ཤིང་ཁྱོད་ཅག་ལ་སྒྲོག་པའི་བརྡ་འཕྲིན་ཡིན་ནོ།།( ཡོ་ཧ་ནན་དང་པོ། 1:5 )
གཟི་འོད་ཉིད་ནི་མུན་པར་འཕྲོ་བྱེད༌ཀྱང༌།། མུན་པ་དེ་ལས་རྒྱལ༌བར་མ་གྱུར་ཏོ།།( ཡོ་ཧ་ནན། 1:5 )
མཐོང་དུ་མེད་པའི་དཀོན་མཆོག་གི་སྐུ་བརྙན་ངོ་མ་ཡིན་པའི་ཡེ་ཤུ་ལས་ཀྱང་ང་ཚོས་དེ་ཉིད་ཐོས།
དེ་ནས་སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ལ་འདི་སྐད༌དུ། བདག་ནི་འཇིག་རྟེན་གྱི་འོད་ཟེར་ཡིན༌ཞིང༌། ངའི་རྗེས་སུ་འབྲང་མཁན་རྣམས་མུན་པའི་ནང་དུ་བགྲོད་པ་མ་ཡིན་པར་ཚེ་སྲོག་གི་འོད་དང་ལྡན་པར་འགྱུར་ཞེས་གསུངས་པ༌དང༌།( ཡོ་ཧ་ནན། 8:12 )
ཁྱེད་མུན་ནག་ཕྱིར་བཞག་ནས་དཀོན་མཆོག་དང་མཉམ་དུ་འགྲོ་སྐབས། རང་ཉིད་ལ་འདྲི་ཞིག ཁྱེད་ཀྱི་ཡབ་ལྟར་ཁྱེད་ཀྱིས་ཀྱང་འོད་འཕྲོ་ཐུབ་བམ།
ང་ཚོའི་ཡབ་དང་ཁོང་གི་སྲས་ཡེ་ཤུའི་འོད་ནི་སྤྱིར་བཏང་གི་འོད་མ་ཡིན། ང་ཚོས་ཤེས་པའི་འོད་རྣམས་གློག་དང་། ཡིང་ལའི་ཡང་ལ། ཡང་ན་ཤིང་མེ་ལས་འབྱུང་། འོན་ཀྱང་ང་ཚོའི་ཡབ་དཀོན་མཆོག་གི་འོད་ནི་བྱམས་བརྩེ་ལས་འབྱུང་།
གཅེས་སེམས་མེད་པ་དེས་དཀོན་མཆོག་ངོ་མི་ཤེས་སོ།། ཅིའི་ཕྱིར་ཞེ་ན། དཀོན་མཆོག་ནི་བྱམས་པ་ཡིན་པའི་ཕྱིར་རོ།།( ཡོ་ཧ་ནན་དང་པོ། 4:8 )
འཇིག་རྟེན་འདིའི་དགྲ་བོ་རྣམས་ལས་རྒྱལ་ཁ་ཐོབ་པའི་ཆེད་དུ། ཡེ་ཤུས་ཕམ་མི་སྲིད་པའི་མཚོན་ཆ་ཞིག་བེད་སྤྱོད་མཛད། མཚོན་ཆ་དེ་ནི་བྱམས་བརྩེ་ཡིན།
དེ་ནས་ཁོ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུའི་གདོང་ལ་མཆིལ་མ་བཏབ་ཅིང་ཁུ་ཚུར་གཞུས་པ༌དང༌། ཡང་ལ་ལས་ཁོང་ལ་འགྲམ་ལྕག་གཞུས༌ཏེ།( མད༌ཐཱ། 26:67 )
དུས༌དེར། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཀྱེ། ཡབ་ལགས། ཁོ་རྣམས་ཀྱིས་རང་གིས་ཅི་བྱེད་བཞིན་པའང་མི་ཤེས་པས་ཉེས་སྐྱོན་བསལ་བར་མཛོད་ཅེས་གསུངས་སོ༎ དེ་ནས་དམག་མི་རྣམས་ཀྱིས་རྒྱན་འཕངས་ནས་ཁོང་གི་ན་བཟའ་བགོ་བཤའ་བརྒྱབ།( ལོ་ཀུ 23:34 )
བདག་གི་ནང་དུ་ཁྱོད་རྣམས་ལ་ཞི་བདེ་འཐོབ་པའི་ཕྱིར། ངས་ཁྱོད་ཅག་ལ་དོན་དེ་རྣམས་སྨྲས༌པ་ཡིན། འཇིག་རྟེན་འདིར་ཁྱོད་རྣམས་ལ་དཀའ་སྡུག་ཡོད་ནའང༌། ང་རང་ནི་འཇིག་རྟེན་ ལས་རྣམ་པར་རྒྱལ་བས་ཁྱོད་ཅག་གི་སེམས་བདེ་བར་གྱིས་ཞེས་གསུངས༌སོ།།( ཡོ་ཧ་ནན། 16:33 )
དེའི་ཕྱིར་སྙིང་སྟོབས་བསྐྱེད་ནས་བྱམས་པ་བྱེད་ཤོག དཀོན་མཆོག་དང་། ཁྱེད་ཀྱི་ཁྱིམ་ཚང་། ཁྱེད་ཀྱི་ཁྱིམ་མཚེས། ཁྱེད་ཀྱི་དགྲ་བོ་རྣམས་ལ་བྱམས་པ་བྱེད་ཤོག རང་ཉིད་ཀྱང་མ་བརྗེད་ཅིག ཁྱེད་ཀྱི་ཕམ་ཉེས་དང་འཇིགས་སྐྲག སྐྱོན་ཆ་ཚང་མ་དང་བཅས་པའི་ཁྱེད་རང་ཇི་ལྟར་ཡིན་པ་ལྟར་ལ་བྱམས་པ་བྱེད་ཤོག
བདག་གིས་ཁྱོད་ཅག་ལ་བཀའ་གསར་པ་ཞིག་གནང་བར༌བྱའོ།། དེ་ནི་ཁྱོད་རྣམས་ཀྱིས་ཕན་ཚུན་ལ་བྱམས་ཤིང་གཅེས་པར་བྱེད་དགོས་པ༌དེ་ཡིན། ངས་ཁྱོད་རྣམས་ལ་བྱམས་ཤིང་གཅེས་པ་བཞིན་ཁྱོད་རྣམས་ཀྱིས་ཀྱང་ཕན་ཚུན་ལ་གཅེས་དགོས།( ཡོ་ཧ་ནན། 13:34 )
བྱམས་པ་ཡོད་སར་འཇིགས་སྐྲག་མེད། གང་ལགས་ཤེ་ན། བྱམས་པས་འཇིགས་སྐྲག་ཕྱིར་འབུད་བྱེད།
བྱམས་པའི་ནང་དུ་འཇིགས་པ་མེད་ལ་བྱམས་པ་ནི་ཆ་ཡོངས་སུ་ཚང་བས། འཇིགས་པ་ཐམས་ཅད་བསལ་བ་ཡིན། འཇིགས་པ་ནི་ཉེས་ཆད་དང་འབྲེལ་བ་ཡོད་པས། འཇིགས་པ་ཡོད་པའི་མི་ནི་བྱམས་པའི་ནང་དུ་ཆ་ཡོངས་སུ་ཚང་བ་མ་ཡིན་ནོ།།( ཡོ་ཧ་ནན་དང་པོ། 4:18 )
ང་ཚོ་ཚང་མ་རང་གི་ཞན་ཆ་དང་འཇིགས་སྐྲག་ལྡན་པའི་མི་ཡིན། བྱམས་པའི་འོད་མེད་ན། ང་ཚོ་མི་ཚེའི་ནང་ལམ་སྟབས་བདེ་པོར་ནོར།
འོད་ཀྱིས་མུན་ནག་མི་ལུས། ང་ཚོས་རང་གི་དགྲ་བོར་བྱམས་པ་བྱེད་སྐབས། འོད་དེ་ཁོང་ཚོའི་རྩར་སླེབས་ནས་ཁོང་ཚོ་ལས་མུན་ནག་ཡོངས་རྫོགས་སེལ།
ཁྱོད་ཀྱི་དགྲ་བོ་ལྟོགས་ན་ཁ་ཟས༌བྱིན། །སྐོམ་པ་བྱུང་ན་དེ་ལ་འཐུང་ཆུ༌སྦྱིན།།( ལེགས་བཤད། 25:21 )
ང་ཚོའི་དགྲ་བོ་རྣམས་ཀྱིས་ཀྱང་བྱམས་པ་བྱེད་ཐུབ། འོན་ཀྱང་ཁོང་ཚོ་ཆུང་དུས་མི་ཞིག་གིས་བརྙས་བཅོས་བྱས་པའམ། ཁོང་ཚོ་བོར་བའི་ཕ་མའམ་གྲོགས་པོ། ཡང་ན་འཛམ་གླིང་འདིར་ཁོང་ཚོར་གནས་ས་མ་བཞག་པར་མུན་ནག་ཏུ་བསྐྱོད་པའི་ནང་གི་ཡིད་ཆེས་མེད་པ་ཞིག་གིས་ཁོང་ཚོ་མུན་ནག་ཏུ་བཞག་སྲིད།
ཁྱེད་ཀྱི་བྱམས་པ་དགྲ་བོ་རྣམས་ལ་སྤྱོད་ཅིག ཁྱེད་ཀྱི་རལ་གྲི་སླར་ཤུབས་སུ་ཆུག་ཅིག
དེ་ནས་སྐྱབས་མགོན་ཡེ་ཤུས་དེ་ལ་འདི་སྐད༌དུ། རལ་གྲི་ཕྱིར་གྲི་ཤུབས་སུ་ཆུག༌དང༌། རལ་གྲི་འཛིན་མཁན་ཐམས་ཅད་རལ་གྲིས་གསོད་པར༌འགྱུར།( མད༌ཐཱ། 26:52 )
ཁྱེད་ཀྱི་ཕམ་མི་སྲིད་པའི་མཚོན་ཆ་གསར་པ་སྟེ་བྱམས་པ་དེ་བེད་སྤྱོད་གྱིས། འཇིགས་སྐྲག་གི་མུན་ནག་ལ་སྦས་ས་མེད་པའི་འཇིག་རྟེན་འདིའི་ནང་མདུན་དུ་སོང་ནས་འོད་འཕྲོ་ཞིག གང་ལགས་ཤེ་ན། ཁྱེད་གཅིག་པུ་མ་ཡིན། ནམ་ཡང་གཅིག་པུ་མ་ཡིན།
དད་པ་ཡོད་པར་གྱིས། ཐེ་ཚོམ་ཕྱིར་བཞག་ཤོག གང་ལགས་ཤེ་ན། གལ་ཏེ་དཀོན་མཆོག་ཁྱེད་དང་མཉམ་དུ་བཞུགས་ན། ཁྱེད་ལ་ཁ་གཏད་བྱེད་ཐུབ་མཁན་སུ་ཡོད།
ཁྱོད་ལ་རྒོལ་ཕྱིར་བཟོས་པའི་མཚོན་ཆ་དག་ལ་ནུས་པ་མ་ལྡན་ཏེ། ཁྲིམས་ཐག་གཅོད་དུས་དར་ཞིང་རྒྱས་ནས་ཁྱོད་དང་རྒོལ་བའི་ལྕེ་རྣམས་ལ་ཡང་ཁྱོད་ཀྱིས་དགག་པ་རྒྱག་པར་འགྱུར། འདི་ནི་དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་རྣམས་ཀྱི་ནོར་སྐལ་ཡིན་ལ། དེ་དག་གི་དྲང་བདེན་ནི་བདག་ལས་ཐོབ་པ་ཡིན་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །( ཡེ་ཤ་ཡཱ། 54:17 )