ནད་ཡམས་ཁྱབ་གདལ་ལ་ཡེ་ཤུའི་རྗེས་འབྲང་བས་ཇི་ལྟར་ལན་འདེབས་དགོས་སམ།
རླུང་འཚུབ་ཆེན་པོ་ཞིག་དང་འདྲ་བའི་ཚོད་འཛིན་བྱེད་མི་ཐུབ་པའི་ནད་དུག་ཅིག་གླིང་ཆེན་རྣམས་བརྒྱུད་ནས་ཁྱབ་བཞིན་ང་ཚོའི་ཉེ་འཁོར་གྱི་མི་རྣམས་ལ་འགོས་བཞིན་ཡོད། ང་ཚོ་ཁ་ཤས་ལ་མཚོན་ན། དེས་ང་ཚོའི་ལས་ཀ་དང་ང་ཚོས་བརྩེ་བའི་མི་རྣམས་ཀྱི་ཚེ་སྲོག་འཕྲོག་གི་ཡོད། སྨན་བཅོས་མེད་པའི་ནད་དུག་གི་མདུན་དུ་ང་ཚོ་རེ་བ་མེད་པ་ལྟར་ཚོར། རླུང་འཚུབ་ཀྱི་དཀྱིལ་དུ་གྲུ་ཆུང་ཞིག་གི་ཐོག་ཡོ་འཁྱོམ་བྱེད་པ་ལྟ་བུར་ཚོར།
གློ་བུར་རླུང་ཆེན་གཡུགས་ཏེ་རྦ་རླབས་གྲུའི་ནང་དུ་བརྒྱབ་པ་དང་མཚོ་གྲུའི་ནང་དུ་ཆུས་འགེང་བཞིན༌ཡོད། སྐྱབས་མགོན་ཡེ་ཤུ་མཚོ་གྲུའི་མཇུག་ཏུ་སྔས་མགོར་སྔས་ཏེ་གཟིམས་པ༌ལ། ཐུགས་སྲས་རྣམས་ཀྱིས་ཁོང་གཟིམས་ལས་བསླངས༌ཏེ། སློབ་དཔོན༌ལགས། བདག་ཅག་འཆི་ལ༌ཉེའོ། །ཁྱེད་ཀྱིས་ཐུགས་ཁུར་མི་མཛད་དམ་ཞེས་ཞུས་པ༌དང༌། ཁོང་སད་དེ་རླུང་ལ་བཀའ་བཀྱོན་མཛད་ཅིང་མཚོ་ལ་མཚམས་ཞོག༌ཅིག ཞི་བར་གྱུར་ཅིག་ཅེས་གསུངས་མ༌ཐག རླུང་གཡུག་མཚམས་ཆད་ནས་ཡོངས་སུ་ཞི་བར་གྱུར༌ཏོ།། དེ་ནས་ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ཁྱོད་རྣམས་ཅིའི་ཕྱིར་འཇིགས༌སམ། ཁྱོད་ཅག་ལ་ད་དུང་དད་པ་མེད་དམ་ཞེས་གསུངས་པ༌དང༌།( མཱཪ་ཀུ 4:37-40 )
འཇིག་རྟེན་འདིའི་ཉམས་མྱོང་ལ་བརྟེན་ནས་ཡིད་བརྟན་བཟོ་བ་ནི་ང་ཚོར་རང་བཞིན་ཡིན། དོན་དངོས་ང་ཚོས་རེ་བ་བཞིན་འགྲོ་སྐབས་ང་ཚོ་སེམས་ལྷོད་ཅིང་དགའ་པོ་ཡོད། དཀའ་ངལ་ཆུང་ངུ་ཞིག་བྱུང་ན་དེར་ཡིད་མི་གཏོད་པར་མདུན་དུ་འགྲོ་ཐབས་བྱེད། འཚོ་བ་བདེ་སྐྱིད་སྤྲོད་པའི་བཟོ་ལས་ཀྱི་ཡར་རྒྱས་དང་། དངོས་པོ་ཇི་ལྟར་འགྲོ་བ་འགྲེལ་བཤད་བྱེད་པ་དང་ནད་རིགས་ཡོངས་ལ་ནད་འགོག་སྨན་ཁབ་གསར་གཏོད་བྱེད་པའི་ཚན་རིག་གི་གསར་རྙེད་རྣམས་དང་མཉམ་དུ་ང་ཚོའི་ཡིད་བརྟན་ཡར་རྒྱས་འགྲོ་གི་ཡོད། འོན་ཀྱང་ང་ཚོའི་དད་པའི་རྨང་གཞི་ནི་ཧ་ཅང་ཞན་པ་ཡིན་ཞིང་། རྒྱུན་ལྡན་མིན་པའི་དོན་དག་ཅིག་བྱུང་མ་ཐག་མྱུར་དུ་ཞིག་ཡོང་། ང་ཚོས་ང་ཚོའི་ཡབ་དཀོན་མཆོག་ལས་ཐོབ་པའི་ཞལ་ཆད་ལ་ལྟ།
ཁྱོད་རྣམས་ཀྱིས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་གསུང་ལ་མཉན་ན། བྱིན་རླབས་འདི་ཐམས་ཅད་ཁྱོད་རྣམས་ལ་འཐོབ་ཅིང་། ཁྱོད་རྣམས་བསྙེག་པར་བྱ། ཁྱོད་རྣམས་ལ་གྲོང་ཁྱེར་ནས་བྱིན་རླབས་འཐོབ་ལ། ས་ཞིང་ནས་ཀྱང་བྱིན་རླབས་འཐོབ། ཁྱོད་རྣམས་ཀྱི་རུས་རྒྱུད་དང་། ཞིང་གི་ལོ་ཏོག་དང་། ཕྱུགས་ཀྱི་རྒྱུད་པ་དང་། བ་གླང་གི་འཕེལ་ཐོག་དང་། ར་ལུག་གི་འཕེལ་ཀ་རྣམས་ལ་བྱིན་རླབས་འཐོབ། ཁྱོད་རྣམས་ཀྱི་གཟེབ་དང་རྫི་གཞོང་ལ་བྱིན་རླབས་འཐོབ། ཁྱོད་རྣམས་ནང་ལ་ཡོང་དུས་དང་ཕྱི་ལ་འགྲོ་དུས་ཀྱང་བྱིན་རླབས་འཐོབ་བོ། ། ཡར་ལངས་ནས་ཁྱོད་རྣམས་ལ་རྒོལ་བའི་དགྲ་རྣམས་ནི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་གི་མདུན་དུ་ཕམ་པར་མཛད་ཅིང་། དེ་དག་ལམ་གཅིག་ནས་ཁྱོད་རྣམས་ལ་རྒོལ་བར་འོངས་ནའང་། ཁྱོད་རྣམས་ཀྱི་མདུན་དུ་ཁོ་ཚོ་ལམ་བདུན་ནས་འབྲོ་བར་འགྱུར། ཁྱོད་རྣམས་ཀྱི་འབྲུ་མཛོད་རྣམས་དང་ཁྱོད་ཅག་གི་ལག་པས་བསྒྲུབས་པ་ཐམས་ཅད་ལ་དཀོན་མཆོག་ཡ་ཝཱེས་བྱིན་རླབས་འབེབ་ཅིང་། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་གནང་བའི་ཡུལ་དུ་ཁོང་གིས་ཁྱོད་ཅག་ལ་བྱིན་རླབས་གནང་ངེས་ཡིན། དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱི་ཕ་མེས་རྣམས་ལ་མནའ་དང་བཅས་ཞལ་བཞེས་གནང་བའི་ཡུལ་དུ། ཁོང་གིས་ཁྱོད་རྣམས་ཀྱི་རུས་རྒྱུད་དང་ཕྱུགས་ཀྱི་འཕེལ་ཐོག་དང་། ཞིང་གི་ལོ་ཏོག་བཅས་ཐམས་ཅད་རྒྱས་པར་བྱའོ། ། དཀོན་མཆོག་ཡ་ཝཱེས་ཁོང་གི་ནམ་མཁའི་གཏེར་མཛོད་ཀྱི་སྒོ་མོ་ཁྱོད་རྣམས་ལ་ཕྱེས་ཏེ། དུས་ལྟར་ཁྱོད་རྣམས་ཀྱི་ཡུལ་དུ་ཆར་ཆུ་འབེབ་པ་དང་། ཁྱོད་རྣམས་ཀྱི་ལག་ནས་སྒྲུབ་པ་ཐམས་ཅད་ལ་བྱིན་རླབས་མཛད་ཅིང་། ཁྱོད་རྣམས་ཀྱིས་མི་རིགས་མང་པོར་བུ་ལོན་བཏང་ནའང་། ཁྱོད་ཅག་གིས་དེ་དག་ནས་བུ་ལོན་གཡར་མི་དགོས། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་བཀའ་རྒྱ་སྟེ་ངས་དེ་རིང་ཁྱོད་ཅག་ལ་བསྒོས་པ་རྣམས་ལ་མཉན་པ་དང་། དེ་བསྲུངས་ནས་བསྒྲུབས་པ་ཡིན་ན། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་དབུ་རུ་མཛད་པ་ལས་མཇུག་མ་རུ་མི་མཛད་ཅིང་། ཁྱོད་རྣམས་གོང་དུ་འཇོག་པ་ལས་ཞོལ་དུ་མི་བསྐྱུར་རོ། །( བཀའ་ལུང་། 28:2,3,4,5,6,7,8,11,12,13 )
དཀོན་མཆོག་དང་ཁོང་གི་བཀའ་ཁྲིམས་ལ་ཡོངས་སུ་བཀའ་བཞིན་སྒྲུབ་ནས་ཚེ་འདི་འཚོ་བ་ནི་ང་ཚོའི་རང་བཞིན་མ་རེད། ང་ཚོའི་འཚོ་བ་དཀའ་ངལ་ལས་ཐར་མ་ཐག་ང་ཚོ་ཡང་ནས་ཡང་དུ་རང་གི་ལམ་ངན་པའི་རྗེས་སུ་འབྲང་...
ངས་ཡང་ཡང་རང་གི་ཞབས་ཕྱི་ལུང་སྟོན་པ་རྣམས་ཁྱོད་ཅག་གི་གམ་དུ་མངགས་ཏེ། ཁྱོད་རྣམས་རེ་རེས་འགྱོད་བཤགས་དང་བཅས་རང་གི་ལོག་ལམ་སྤངས་ནས་བྱ་བ་སྤྱོད་པ་རྣམས་བཅོས་ཤིག ལྷ་གཞན་རྣམས་ལ་བསྙེན་བཀུར་བྱས་ནས་དེའི་རྗེས་སུ་མ་འབྲང་ཞིག དེ་ནས་ངས་ཁྱོད་ཅག་དང་ཁྱོད་ཅག་གི་མེས་པོར་གནང་བའི་ཡུལ་དུ་གནས་པར་འགྱུར་ཞེས་བསྒོས་ཀྱང་། ཁྱོད་ཅག་གིས་ང་ལ་རྣ་བ་གཏད་ནས་མ་མཉན་ཏོ། །( ཡེ་རེམ་ཡཱ། 35:15 )
ང་ཚོས་རང་ཉིད་འཇིགས་སྣང་དང་དད་པ་མི་འདང་བའི་ནང་མཐོང་། ལོ་སྟོང་ཕྲག་མང་པོའི་རིང་མི་རབས་རྗེས་མ་རྗེས་མར་མི་རྣམས་ཀྱིས་དཀོན་མཆོག་གི་བཀའ་ལས་འགལ་ཞིང་ཁོང་གི་བྱིན་རླབས་བོར། ང་ཚོས་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་རྨང་གཞི་ནས་བྱམས་བརྩེ་སྤྲུགས་ཏེ། ཕྱི་ཙམ་དང་རྣམ་པ་ཙམ་གྱི་བཀའ་སྒྲུབ་ཁོ་ན་ཡོད་པའི་ཚིག་སྐམ་པོ་རྣམས་ལུས། དེ་ཚང་མས་ང་ཚོ་ཞལ་ཆད་ཇི་བཞིན་འཇིགས་སྣང་གི་ས་ཆར་ཁྲིད…
ཁྱོད་རྣམས་ཀྱིས་ལས་ངན་པ་བྱས་ནས་ང་རང་སྤངས་པ་ཡིན་པས། ཁྱོད་རྣམས་མགྱོགས་པོར་ནུབ་ཅིང་མེད་པར་འགྲོ་བའི་བར་དུ། ཁྱོད་རྣམས་ཀྱིས་ལག་ནས་ཅི་བསྒྲུབས་ཀྱང་། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་དམོད་པ་དང་རྙོག་ཟིང་། བཀའ་བཀྱོན་བཅས་འབེབ་པར་འགྱུར། དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་གློ་ནད་དང་། ཚ་ནད་དང་། འདར་ནད་དང་། གཉན་ཚད་དང་། འཐབ་འཁྲུག་དང་། ཐན་པ་དང་། གཡའ་སྤུ་བཅས་འབྱུང་དུ་བཅུག་སྟེ། ཁྱོད་ཅག་རྩ་མེད་འགྲོ་བའི་བར་དུ་ནད་རིགས་དེ་དག་གིས་ཁྱོད་རྣམས་འདེད་ངེས་ཡིན།( བཀའ་ལུང་། 28:20,22 )
དཀོན་མཆོག་གི་ཁོང་ཁྲོ་ནི་ངེས་པར་དུ་འཇིགས་སུ་རུང་བ་ཡིན། འོན་ཀྱང་ང་ཚོས་ང་ཚོའི་གནམ་གྱི་ཡབ་ཀྱིས་དེ་ལྟར་གདུག་རྩུབ་ཀྱི་བྱ་བ་མཛད་པར་ཁྲིམས་གཅོད་བྱེད་པར་མ་བྲེལ་གོང་། མི་ཞིག་འཆི་བ་ལས་སྐྱོབ་ཆེད་ནད་འགོས་པའི་རྐང་པ་གཅོད་བཞིན་པའི་སྨན་པ་ཞིག་ལ་བསམ་བློ་གཏོང་། མིག་གིས་མཐོང་ཐུབ་པའི་དངོས་པོར་ཡིད་གཏད་ནས་ང་ཚོའི་དཀོན་མཆོག་གི་བྱམས་བརྩེ་དང་ང་ཚོ་སྐྱོབ་པའི་དགོངས་པ་ལ་མི་ལྟ་བ་ནི་ང་ཚོར་རང་བཞིན་ཡིན། ང་ཚོའི་ཕྲུ་གུས་ང་ཚོའི་ཁོང་ཁྲོ་དང་རྒྱབ་ལ་བརྡུངས་པའི་ན་ཟུག་དྲན་ཡོང་ཡང་། དེས་ཁོ་གཡང་ཟར་ཉེན་ཁ་ཅན་ཞིག་ནས་ལྷུང་བ་ལས་ཇི་ལྟར་བསྐྱབས་པ་སླ་པོར་བརྗེད་འགྲོ། ས་སྟེང་གི་དངོས་པོ་ཁོ་ན་མཐོང་བའི་ང་ཚོས་ཀྱང་དཀོན་མཆོག་གི་ཁོང་ཁྲོས་ང་ཚོ་ཅི་ལས་སྐྱོབ་པ་ཡང་མི་མཐོང་།
དཀོན་མཆོག་གིས་ང་ཚོས་ཁོང་ལ་དད་པ་བརྟན་པོས་བཀའ་བཞིན་སྒྲུབ་པ་བཞེད། ང་ཚོས་མཐོང་བའི་དངོས་པོར་མི་འཇིགས་པར། དེའི་ཚབ་ཏུ་ང་ཚོའི་དད་པ་ལས་ཡིད་བརྟན་ཐོབ་པ་བཞེད།
མིག་གིས་མཐོང་བ་དག་ནི་གནས་སྐབས་ཙམ་དང་མི་མཐོང་བ་དག་ནི་གཏན་དུ་གནས༌པས། བདག་ཅག་གིས་མིག་གིས་མཐོང་བ་དག་ལ་མི་བལྟ་བར་མིག་གིས་མི་མཐོང་བ་དག་ལ་བལྟ༌བར་བྱའོ།།( ཀོ་རིན་ཐུ་པ་གཉིས་པ། 4:18 )
ཁྱེད་ཚེ་སྲོག་བོར་བའི་ཉེན་ཁའི་ནང་ཡོད་ཀྱང་རུང་། ཡང་ན་འཕྲོད་བསྟེན་གྱི་རྩེ་མོར་ཡོད་ཀྱང་རུང་། འཆི་བ་ནི་ང་ཚོར་འབྱུང་སྲིད་པའི་ངན་ཤོས་ཡིན་པར་བརྩི་གི་ཡོད། ཡིན་ནའང་དེ་དངོས་གནས་དེ་ལྟར་ཡིན་ནམ། འཆི་བ་ནི་ང་ཚོས་མི་ཞིག་ལས་མཐོང་བའི་མཐའ་མ་དེ་ཡིན། འཆི་བས་ང་ཚོར་མི་མཐོང་བ་དང་མི་ཤེས་པའི་སྒོ་ཕྱེ་བ་ཡིན།
ང་ཚོའི་ཚེ་འདིའི་ནང་ངམ་དེའི་རྗེས་ཀྱི་མི་ཤེས་པའི་དོན་ལ་ང་ཚོའི་འཇིགས་སྣང་ངམ་ང་ཚོའི་དད་པས་དབང་བསྒྱུར་བྱེད། ང་ཚོས་རང་ཉིད་འཇིགས་སྣང་གི་མུན་པས་བསྐོར་ཐུབ། ཡང་ན་དད་པའི་འོད་ཀྱིས་བསྐོར་ཐུབ། ས་སྟེང་གི་ཚེ་འདིར་མཐོང་བ་ལྟར། དད་ལྡན་གྱི་མི་རྣམས་རང་གི་བྱ་བར་ལེགས་འགྲུབ་ཡོང་། དེར་བརྟེན་དད་པས་དད་ལྡན་རྣམས་ལ་འཆི་བའི་རྗེས་ཀྱི་ལམ་གསལ་བར་བྱེད་པ་ལ་དོགས་པ་ཟ་རྒྱུའི་རྒྱུ་མཚན་གང་ཡང་མེད། ས་གཞི་འདིའི་སྟེང་གི་ཚེ་ལས་ཧ་ཅང་བཟང་བའི་ཚེ་ཞིག་ཏུ་འགྲོ་བའི་ལམ།
དཀོན་མཆོག་གིས་འཇིག་རྟེན་ལ་གཅེས་ཤིང་བྱམས༌ཏེ། ཁོང་གི་སྲས་ལ་དད་པ་བྱེད་མཁན་ཐམས་ཅད་ལ་ནམ་ཡང་འཇིག་པ་མེད་ཅིང་མཐའ་མེད་པའི་ཚེ་སྲོག་འཐོབ་པའི་ཕྱིར། ཁོང་གིས་རང་ཉིད་ཀྱི་སྲས་གཅིག་པོའང་མི་ཀུན་ལ་གནང༌བའོ།།( ཡོ་ཧ་ནན། 3:16 )
ད་ལྟ་ང་ཚོ་གསོན་པོར་ཡོད། ང་ཚོས་ད་ལྟ་འཚོ་བཞིན་པའི་སྐར་མ་དེ་ཉིད་དང་། མཐོང་བ་དང་དབུགས་རྔུབ་ཐུབ་པ། འཇིག་རྟེན་འདིར་འགྱུར་བ་གཏོང་ཐུབ་པའི་ནུས་པ་ཆེད་ང་ཚོའི་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ། ང་ཚོས་ད་དུང་རང་གི་བྱམས་པའི་མི་རྣམས་མཐོང་ཐུབ་ཅིང་། ཁོ་ཚོ་ང་ཚོར་ག་ཚོད་གལ་ཆེན་ཡིན་པ་ཤོད་ཐུབ།
བྱམས་བརྩེས་འཇིགས་སྣང་ཕམ་པར་བྱེད་ཅིང་། ང་ཚོ་དཀོན་མཆོག་གི་གཟུགས་བརྙན་དུ་བཟོས་པ་ཡིན་པའི་ངོ་བོ་དངོས་མངོན་པར་བྱེད། ཡེ་ཤུ་མ་ཤི་ཀ་ལུས་ཀྱི་འཆི་བ་དང་སླར་གསོན་བརྒྱུད་ནས་འཆི་བའི་ལྕགས་ཐག་བཅད་དེ། ད་ལྟ་ང་ཚོའི་ནང་དུ་བཞུགས་ཐུབ་པའི་མི་མཐོང་བའི་རོགས་པ་དམ་པའི་ཐུགས་ཉིད་ང་ཚོར་གནང་།
དེ་ནི་བདེན་པ་ཉིད་ཀྱི་དམ་པའི་ཐུགས་ཉིད་ཡིན༌ལ། འཇིག་རྟེན་གྱི་མི་རྣམས་ཀྱིས་ཁོང་ཉིད་མི་མཐོང་ཞིང་ངོ་མི་ཤེས་པས་དང་དུའང་ལེན་མི་ནུས་སོ།། འོན་ཀྱང་དམ་པའི་ཐུགས་ཉིད་ནི་ཁྱོད་རྣམས་དང་མཉམ་དུ་གནས་ཤིང་ཁྱོད་ཅག་གི་སེམས་སུ་ཡོད་པར་འགྱུར༌བས། ཁྱོད་རྣམས་ཀྱིས་དམ་པའི་ཐུགས་ཉིད་ངོ་ཤེས༌པ་ཡིན།( ཡོ་ཧ་ནན། 14:17 )
ང་ཚོས་ཐོབ་པའི་ཐུགས་ཉིད་དེ་འཇིགས་སྣང་གི་ཐུགས་ཉིད་མིན་ཏེ། དེས་ང་ཚོ་ཚེ་རྟག་པར་འཁྲིད་པའི་ཕྱིར།
ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་བདག་ཅག་ལ་སྡར་མའི་སེམས་གནང་བ་མ་ཡིན༌པར། ཞུམ་མེད་དང་བྱམས༌པ། རང་གཅུན་ཐུབ་པ་བཅས་ཀྱི་སེམས་གནང་བའི་ཕྱིར༌རོ།།( ཐི་མོ་ཐེ་གཉིས་པ། 1:7 )
དེ་ལས་ང་ཚོས་མཐོང་བ་ནི། གལ་ཏེ་ང་ཚོར་འཇིགས་སྣང་སྐྱེས་ན། དེ་དཀོན་མཆོག་གིས་ང་ཚོར་གནང་བའི་ཐུགས་ཉིད་ལས་བྱུང་བ་མིན། གལ་ཏེ་ང་ཚོ་འཇིགས་སྣང་གི་མུན་པའི་ནང་འགྲོ་ན། ང་ཚོས་གཙོ་བོ་ང་ཚོའི་དཀོན་མཆོག་ལ་དད་པའི་འོད་ཁྱེར་མེད།
དེ་ནས་སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ལ་འདི་སྐད༌དུ། བདག་ནི་འཇིག་རྟེན་གྱི་འོད་ཟེར་ཡིན༌ཞིང༌། ངའི་རྗེས་སུ་འབྲང་མཁན་རྣམས་མུན་པའི་ནང་དུ་བགྲོད་པ་མ་ཡིན་པར་ཚེ་སྲོག་གི་འོད་དང་ལྡན་པར་འགྱུར་ཞེས་གསུངས་པ༌དང༌།( ཡོ་ཧ་ནན། 8:12 )
ད་ལྟ་ནད་ཡམས་ཀྱི་ལྟེ་བར་ལངས་ནས་ཁྱེད་ཀྱིས་གང་འདེམས་སམ། འཇིགས་སྣང་ངམ་དད་པ། འཇིག་རྟེན་འཇིགས་སུ་རུང་བ་འདིའི་མུན་པའི་ནང་མི་གཞན་གྱིས་ཁྱེད་ལ་ལྟ་སྐབས། ཁོ་ཚོས་ཁྱེད་ཀྱི་འོད་མཐོང་ཐུབ་བམ།
ཁོང་གིས་ཁྱོད་རང་བྱ་པའི་རྙི་རྒྱ༌དང༌། །འཆི་བྱེད་རིམས་ནད་སོགས་ལས་སྐྱོབ་པར༌འགྱུར།། ཁོང་གིས་ཉིད་ཀྱི་གཤོག་སྒྲོས་ཁྱོད་འགེབས༌ཤིང༌། །ཁོང་གི་འདབ་གཤོག་འོག་ཏུ་སྐྱབས་གནས༌རྙེད། །ཁོང་གི་བདེན་པ་ཕུབ་དང་ལྕགས་རི༌ཡིན།། ཁྱོད་ནི་མཚན་མོའི་འཇིགས་སྣང་གང་ཞིག༌དང༌། །ཉིན་མོར་འཕུར་བའི་མདའ་ལ་སྐྲག་མི༌དགོས།། ཡང་ན་མཚན་མོར་རྒྱུ་བའི་རིམས་ནད༌དང༌། །ཉིན་གུང་འཇོམས་བྱེད་ནད་ལའང་འཇིགས་མི༌དགོས།། ཁྱོད་ཀྱི་ལོགས་སུ་མི་གྲངས་ཆིག་སྟོང༌དང༌། །གཡས་སུ་མི་གྲངས་ཆིག་ཁྲི་འགྱེལ་ན༌ཡང༌། །ཆག་སྒོ་དེ་ནི་ཁྱོད་ལ་ཐེབས་མི༌འགྱུར།།( གསུང༌མགུར། 91:3-7 )
བདག་གིས་ཁྱོད་ལ་མ་བསྒོས་སམ། ཁྱོད་ཀྱིས་ཞུམ་པ་མེད་པར་སྙིང་རུས་བསྐྱེད་དགོས། ཁྱོད་རང་གང་དུ་སོང་ནའང་ཁྱོད་ཀྱི་དཀོན་མཆོག་ཡ་ཝཱེ་ནི་ཁྱོད་དང་མཉམ་དུ་བཞུགས་པས་མ་འཇིགས་མ་འཚབ་ཅིག་ཅེས་གསུངས་སོ། །( ཡོ་ཤུ་ཨ། 1:9 )
ང་ཚོའི་འཇིག་རྟེན་ནང་རྒྱུ་མཚན་མེད་པར་འབྱུང་བ་གང་ཡང་མེད། འོ་ན་ནད་ཡམས་འདིས་ང་ཚོར་ཅི་ཞིག་སློབ་བམ། ང་ཚོས་མིའི་ཚེ་སྲོག་ལ་དངོས་གནས་རིན་ཐང་བརྩི་ཐུབ་བམ། ང་ཚོས་གྲོགས་པོའི་འབྲེལ་བ་ངོ་མར་རིན་ཐང་བརྩི་བ་དང་། རང་ལ་ཡོད་པའི་དངོས་པོར་དྲིན་གཟོ་མངོན་ཐུབ་བམ། Instagram ནང་པར་རིས་ལེགས་ཤོས་དང་ང་ཚོའི་ YouTube བརྙན་ཐུང་ལ་མཇུག་འབྲང་བ་མང་ཙམ་ཐོབ་ཆེད་ཀྱི་དོན་མེད་ཀྱི་འགྲན་རྒྱུག་མཇུག་སྒྲིལ་ཡོང་ངམ། དངུལ་དང་དབང་ཆའི་ཆེད་ཀྱི་དམག་འཁྲུག་མཇུག་སྒྲིལ་ཡོང་ངམ། མི་རབས་རྗེས་མ་རྣམས་ཆེད་ནམ་མཁའ་ཡང་བསྐྱར་སྔོན་པོར་བཟོ་ཡོང་ངམ། མཐར་ང་ཚོས་མིག་ནས་ཡོལ་བ་ཕྱེ་སྟེ་ང་ཚོའི་ཡབ་ཀྱིས་བཀོད་པའི་འཇིག་རྟེན་ངོ་མ་མཐོང་ཐུབ་བམ།
བདག་གིས་ཁྱོད་རྣམས་ཀྱི་སེམས་ལ་ཞི་བདེ་འཐོབ་པར་བྱེད་ཅིང་རང་ཉིད་ཀྱི་ཞི་བདེའང་ཁྱོད་རྣམས་ལ་གནང༌ཞིང་། བདག་གིས་གནང་བའི་ཞི་བདེ་ནི་འཇིག་རྟེན་མི་ཡིས་གནང་བ་དང་མི༌འདྲ། ཁྱོད་ཅག་གི་སེམས་མི་སྐྱོ་མི་འཇིགས་པར༌གྱིས།( ཡོ་ཧ་ནན། 14:27 )