དྲང་པོ་ཚོ་ཅིའི་ཕྱིར་སྡུག་བསྔལ་མྱོང་ཞིང་། ངན་པ་ཚོ་ཅིའི་ཕྱིར་དར་རྒྱས་འབྱུང་། དྲང་བདེན་ག་པར་ཡོད།
འཇིག་རྟེན་འདིར་ང་ཚོས་མི་རྣམས་ལ་དྲང་པོའི་ཐོག་ནས་བྱ་སྤྱོད་མི་བྱེད་པ་རྒྱུན་དུ་མཐོང་། ང་ཚོས་དྲང་པོ་ཚོ་སྡུག་བསྔལ་མྱོང་ཞིང་ངན་པ་ཚོ་དར་རྒྱས་འབྱུང་བ་མཐོང་། འོན་ཀྱང་དེ་ཅིའི་ཕྱིར་ཡིན། འཕྲིན་བཟང་དཔེ་ཆ་ལྟར་ན། དཀོན་མཆོག་གིས་དྲང་མིན་གྱི་བྱ་སྤྱོད་ཕོག་མཁན་ཚོར་དྲང་བདེན་སྩོལ།
གཉའ་གནོན་འོག་གི་མི་ལ་དཀར་འདོན༌ཕྱིར། །ཡ་ཝཱེས་དྲང་བདེན་ངང་ནས་འཕྲིན་ལས༌མཛད།།( གསུང༌མགུར། 103:6 )
འོན་ཀྱང་གལ་ཏེ་དཀོན་མཆོག་གིས་དྲང་བདེན་སྩོལ་ན། ང་ཚོས་ཁོར་ཡུག་ཏུ་དྲང་མིན་དེ་ཙམ་མང་པོ་ཅིའི་ཕྱིར་མཐོང་།
ང་ཚོ་སྔོན་མའི་དུས་ལ་ལྟ། ང་ཚོ་ཕན་ཚུན་དྲང་པོ་ཡིན་དགོས་ཤིང་། ཕན་ཚུན་རོགས་རམ་བྱས་ནས་བྱམས་བརྩེ་སྤེལ་དགོས་ཡོད། དེའི་ཚབ་ཏུ་ང་ཚོས་འདི་ནས་འཛམ་གླིང་སྟེང་དུ་དཀོན་མཆོག་གི་སྤྱན་སྔར་བྱ་བ་གདུག་རྩུབ་བྱས།
བུ་དང་བུ་མོ་གདོན་འདྲེར་མཆོད་པ༌བྱས།། དེ་ཚོས་ཉེས་མེད་རྣམས་ཀྱི་ཁྲག་བཞུར༌ཏེ། །རང་གི་བུ་དང་བུ་མོའི་ཁྲག་གིས༌ནི། །ཀ་ན་ཨན་གྱི་སྐུ་ལ་མཆོད་པ༌ཕུལ། །ཁྲག་གིས་ཡུལ་ཁམས་དེ་ཡང་བཙོག་པར༌བཟོས།། རང་བྱས་ལས་ཀྱིས་རང་ཉིད་བཙོག་པར༌བཟོས། །སྤྱོད་པའི་ཐད་ནས་ལོག་གཡེམ་སྤེལ་བས༌ན།། ཡ་ཝཱེ་འབངས་མིའི་སྟེང་ལ་ཐུགས་ཁྲོས༌ཤིང༌། །ཉིད་ཀྱི་ནོར་སྐལ་ལ་ནི་ཞེན་ལོག༌སྟེ།།( གསུང༌མགུར། 106:37-40 )
དེང་རབས་ཀྱི་དུས་སུ་ཡང་ང་ཚོས་རང་ཉིད་ལ་དྲང་པོར་ལྟ་བར་འཇིགས། ང་ཚོའི་བྱ་སྤྱོད་ཙམ་མ་ཡིན་པར། ང་ཚོའི་བསམ་བློ་དང་འདོད་པ་ཡང་ཕྱོགས་ལྷུང་མེད་པར་དཔྱད་པར་འཇིགས། གཞན་ཞིག་གིས་ང་ཚོའི་སྐོར་ལ་བཤད་པའི་བསམ་འཆར་དྲང་པོ་དང་ལེན་བྱེད་པ་ཧ་ཅང་དཀའ། དེའི་ཚབ་ཏུ་ང་ཚོས་རྫུན་མངར་པོ་ལ་དགའ།
མཁར་སྒོ་རུ་དྲང་བདེན་སྐྱོང་བའི་མི་ལ་ཁྱོད་རྣམས་སྡང་ཞིང་། བདེན་ཚིག་སྨྲ་མཁན་ལ་ཞེན་པ་ལོག( ཨ་མོ་སི། 5:10 )
དུས་རབས་མང་པོའི་རིང་ང་ཚོ་མི་རྣམས་ཀྱིས་ང་ཚོ་དང་འདྲ་བའི་མི་གཞན་ལ་དྲང་པོའི་ཐོག་ནས་ཁྲིམས་གཅོད་མ་བྱས། ང་ཚོའི་དཀོན་མཆོག་གིས་དེ་ལ་མ་མཐོང་བ་ལྟར་བཞག་མ་ཐུབ། ཡེ་རུ་ས་ལེམ་ནི་དཀོན་མཆོག་གིས་ཐུགས་བརྩེ་ཟབ་མོ་གནང་བའི་མི་རྣམས་ཀྱི་གྲོང་ཁྱེར་ཡིན་ཀྱང་། མི་གཞན་ཚང་མ་དང་འདྲ་བར་དྲང་བདེན་གྱི་ཁྲིམས་ཐོབ། ང་ཚོས་མུ་མཐུད་དུ་ལས་ངན་བྱས་ནས་དཀོན་མཆོག་གིས་ང་ཚོར་ནམ་ཡང་བཟོད་པ་གནང་རྒྱུར་རེ་བ་བྱེད་མི་ཐུབ།
ཁྱོད་རྣམས་ཡེ་རུ་སཱ་ལེམ་གྱི་སྲང་ལམ་རེ་རེར་སོང་ནས། གྲོང་ཁྱེར་དེའི་ཐང་ཆེན་དུ་མི་སུ་ཞིག་གིས་དྲང་པོར་སྤྱོད་པ་དང་། སུ་ཞིག་གིས་དྲང་བདེན་བསྙེག་པ་འཚོལ་ཞིག གལ་ཏེ་ཡོད་ན། བདག་གིས་གྲོང་ཁྱེར་དེ་གུ་ཡངས་སུ་གཏོང་བར་བྱ།( ཡེ་རེམ་ཡཱ། 5:1 )
ས་སྟེང་རྒྱལ་པོ་དང་ནི་ཡུལ་གྱི་མངའ་འབངས་ཐམས་ཅད་ཀྱིས། ། ཡེ་རུ་སཱ་ལེམ་མཁར་སྒོར་དགྲ་བོ་འཛུལ་བར་ཡིད་མ་ཆེས། ། ཛ་ཡན་ལུང་སྟོན་པ་ཡི་སྡིག་པ་དང་། ། མཆོད་དཔོན་དག་གི་ཉེས་པ་ཐམས་ཅད་དེ། ། གྲོང་ཁྱེར་ནང་དུ་དྲང་བདེན་མི་ཀུན་གྱི། ། སྐུ་ཁྲག་བཞུར་དུ་བཅུག་པ་དེའི་རྐྱེན་གྱིས། །( སྐྱོ་གླུ། 4:12-13 )
གཞན་ལ་ང་ཚོའི་དྲང་མིན་དང་། བདེན་པ་ལ་ང་ཚོའི་ཞེ་སྡང་། ང་ཚོའི་ང་རྒྱལ་དང་སྡིག་པའི་རྐྱེན་གྱིས། ང་ཚོས་རང་ཉིད་དཀོན་མཆོག་ལས་ཁ་བྲལ་བར་བྱས་ཤིང་། རང་ཉིད་དྲང་བདེན་ལས་ཀྱང་ཁ་བྲལ་བར་བྱས། ང་ཚོ་རང་འདོད་ཀྱིས་ཤེལ་ལྟར་དྭངས་པའི་ཆུ་ཡོད་པའི་མཚོ་ཞིག་ལས་རིང་དུ་རིང་དུ་འགྲོ་ཞིང་། སྐོམ་ནས་“ཆུ་ག་པར་ཡོད། ངས་མ་མཐོང་”ཞེས་འབོད། དཀོན་མཆོག་ག་པར་ཡོད། ཁོང་གིས་རོགས་རམ་གནང་མི་ཐུབ་བམ།
ལྟོས་ཤིག དཀོན་མཆོག་ཡ་ཝཱེའི་ཕྱག་ཐུང་དྲགས་ནས་སྐྱོབ་མི་ནུས་པ་མ་ཡིན་ལ། ཁོང་གི་སྙན་རྟུལ་ནས་གསན་མི་ནུས་པའང་མ་ཡིན་པར། ཁྱོད་ཅག་གི་ཉེས་པས་ཁྱོད་ཅག་རང་གི་དཀོན་མཆོག་དང་ཕྲལ་ཞིང་། ཁྱོད་རྣམས་ཀྱི་སྡིག་པས་ཁོང་གི་ཞལ་རས་ཁྱོད་ཅག་གི་ཕྱོགས་སུ་སྦས་པ་དང་། ཁྱོད་རྣམས་ཀྱི་གསོལ་འདེབས་ལ་ཁོང་གིས་གསན་མ་གྱུར། གང་ལ་ཞེ་ན། ཁྱོད་རྣམས་ཀྱི་ལག་པ་ཁྲག་གིས་བསླད་ཅིང་མཛུབ་མོ་ཉེས་པས་བཙོག་པར་བཟོས། ཁྱོད་ཅག་གི་ཁ་ནས་རྫུན་བཤད་པ་དང་། ཁྱོད་རྣམས་ཀྱི་ལྕེ་ལས་གཏམ་ངན་སྨྲས། དྲང་བདེན་ངང་ནས་ཞུ་མཁན་གཅིག་ཀྱང་མེད། དྲང་པོས་རྩོད་མཁན་ཡང་གཅིག་ཀྱང་མེད། དེ་དག་སྟོང་བ་ཉིད་ལ་བརྟེན་ཞིང་རྫུན་ལབ། དེ་དག་ལ་གནོད་སེམས་ཆགས་ཤིང་ཉེས་པ་སྐྱེས། དེ་དག་གིས་དུག་སྦྲུལ་གྱི་སྒོ་ང་རུམ་པ་དང་སྡོམ་དྲ་འཐག་པ་ཡིན། སུས་དེ་དག་གི་སྒོ་ང་ཟོས་ན་འཆི་བར་འགྱུར་ལ། སྒོ་ང་ཆག་སྟེ་ཐོན་པ་དུག་སྦྲུལ་ཡིན། དེ་དག་གི་དྲ་བས་གྱོན་གོས་བཟོ་མི་ནུས་ལ། ཁོ་ཚོས་བཟོས་པས་ཀྱང་རང་ཉིད་ཁེབས་པར་མི་འགྱུར། དེ་དག་གིས་སྤྱད་པའི་ལས་ནི་སྡིག་པ་དང་། ལག་ནང་གི་སྤྱོད་པ་ནི་གཏུམ་དྲག་ཡིན། དེ་དག་གི་རྐང་པ་ངན་པའི་ཕྱོགས་སུ་རྒྱུག་ཅིང་། ཉེས་མེད་ལ་ཁྲག་བཞུར་དུ་འཇུག་པར་འཚབ། དེ་དག་གི་བསམ་པ་ནི་ངན་སེམས་དང་། སྤྱོད་ལམ་ནི་གཏོར་བཤིག་དང་ཚར་གཅོད་ཡིན་ནོ། ། དེ་ཚོས་ཞི་བདེའི་ལམ་མི་ཤེས་ལ། དེ་དག་གི་སྤྱོད་ལམ་ནང་དྲང་བདེན་མེད། དེ་ཚོས་རང་ཉིད་ཀྱི་ཕྱིར་དུ་ཀྱག་ཀྱོག་གི་ལམ་བཟོས་པས། ལམ་དེར་འགྲུལ་མཁན་རྣམས་ཀྱིས་ཞི་བདེ་རྟོགས་པར་མི་འགྱུར་རོ། ། དེ་བས་དྲང་པོ་ང་ཚོ་དང་རིང་དུ་གྱེས་ཤིང་། དྲང་བདེན་གྱིས་ང་ཚོ་ཟིན་པ་མིན། ང་ཚོས་འོད་ལ་རེ་ཡང་མུན་པ་འཁྱིལ། འོད་ཟེར་ལ་སྒུག་ཀྱང་སྨག་རུམ་ནང་དུ་འགྲུལ་བའོ། ། ང་ཚོས་ལོང་པ་བཞིན་དུ་རྩིག་པར་ལག་མྱུལ་བྱས། མིག་མེད་བཞིན་དུ་ང་ཚོས་ལག་མྱུལ་བྱས། མུན་རུབ་བཞིན་དུ་ང་ཚོ་ཉིན་གུང་འདྲེད་བརྡབ་ཤོར་ནས། དར་མ་རྣམས་ཀྱི་ཁྲོད་དུ་ང་ཚོ་བེམ་པོ་དང་མཚུངས། རང་ཅག་གིས་དོམ་ལྟར་ངར་སྐད་སྒྲོག་ཅིང་། ཕུག་རོན་བཞིན་དུ་སྨྲེ་སྔགས་འདོན། ང་ཚོས་དྲང་བདེན་འཚོལ་ཡང་དྲང་བདེན་མི་རྙེད། ཐར་པ་ལ་སྒུག་ཀྱང་དེ་ནི་རང་ཅག་དང་རྒྱང་ཐག་ཧ་ཅང་རིང་པོ་ཡིན།( ཡེ་ཤ་ཡཱ། 59:1-11 )
ཡིན། ང་ཚོས་སྡིག་པ་བྱས། ཡིན། ང་ཚོས་ད་དུང་སྡིག་པ་བྱེད། ང་ཚོས་ནོར་འཁྲུལ་བྱས། འོན་ཀྱང་ང་ཚོས་རང་གི་སྙིང་དཀོན་མཆོག་ལ་ཁ་ཕྱེ་ནས། འགྱོད་བཤགས་བྱས་ཏེ་བཟོད་པ་ཞུ་ཐུབ། ང་ཚོས་སྙིང་དཀོན་མཆོག་ལ་ཁ་ཕྱེ་བའི་ཚེ། ད་ནས་བཟུང་སྡིག་པ་ལ་སྒོ་རྒྱག་རོགས།
ཀྱེ་མིའི་བུ། ཁྱོད་ཀྱིས་རང་གི་མི་རིགས་ལ་འདི་ལྟར་སྨྲོས་ཤིག མི་དྲང་བདེན་ཅན་གྱི་དྲང་བདེན་གྱིས་ཁོས་སྡིག་པ་བྱེད་པའི་དུས་སུ་ཁོ་སྐྱོབ་མི་ནུས་ལ། མི་ངན་གྱི་ངན་པས་ཀྱང་ཁོས་རང་གི་ལས་ངན་པ་འདོར་བའི་དུས་སུ་ཁོ་རང་འགྱེལ་བར་མི་བྱ། མི་དྲང་བདེན་ཅན་གྱིས་སྡིག་པ་བྱེད་པའི་དུས་སུ་རང་གི་དྲང་བདེན་གྱིས་འཚོ་བར་མི་འགྱུར་ཞེས་པའོ། ། མི་དྲང་བདེན་ཅན་ལ་ངས་དེ་ངེས་པར་དུ་གསོན་པར་འགྱུར་ཞེས་སྨྲས་ཀྱང་། དེས་རང་གི་དྲང་བདེན་ལ་བློ་གཏད་དེ་ལས་ངན་པ་སྤྱད་ན། དེའི་དྲང་བདེན་ཡོད་ཚད་དྲན་པར་མི་འགྱུར་ལ། དེ་ནི་རང་གིས་སྤྱད་པའི་སྡིག་པའི་རྐྱེན་གྱིས་འཆི་བར་འགྱུར་རོ། ། ཡང་ངས་མི་ངན་ལ་ཁྱོད་ནི་འཆི་ངེས་ཡིན་ཞེས་སྨྲས་ཀྱང་། དེ་རང་གི་སྡིག་པ་དང་བྲལ་ནས་དྲང་གཞག་དང་དྲང་བདེན་གྱི་ལས་རྣམས་སྤྱད་དེ། གཏའ་མར་བཞག་པ་ཕྱིར་སྤྲོད་པ་དང་། མི་ལས་ཕྲོགས་པའི་རྫས་རྣམས་འཇལ་བ་དང་། སྲོག་འཚོ་བར་བྱེད་པའི་བཀའ་རྒྱ་བརྩིས་ཏེ་ལས་ངན་པ་མ་སྤྱད་ན། དེ་གསོན་པ་ལས་འཆི་བར་མི་འགྱུར་ལ། དེས་སྤྱད་པའི་སྡིག་པ་ཡོད་ཚད་ནི་དྲན་པར་མི་འགྱུར་ཞིང་། དེས་དྲང་གཞག་དང་དྲང་བདེན་གྱི་ལས་སྤྱད་པས་གསོན་ངེས་ཡིན། ཡང་ཁྱོད་ཀྱི་མི་རྣམས་ན་རེ། གཙོ་བོས་མཛད་པ་དྲང་གཞག་མིན་ཟེར་མོད། དོན་དངོས་སུ་ཁོ་ཚོས་སྤྱད་པ་དྲང་གཞག་མིན་ནོ། །( ཨེ་ཟེ་ཀི་ཨེལ། 33:12-17 )
དཀོན་མཆོག་གིས་ང་ཚོའི་སྐད་གསན་ངེས་ཡིན་པར་ང་ཚོ་ཡིད་ཆེས་ཐུབ། རང་གི་སྡིག་པ་ལས་ཕྱིར་ལོག་སྟེ་བཟོད་པ་ཐོབ་པ་དང་། དཀོན་མཆོག་གི་ཐུགས་རྗེ་ཐོབ་པར་ནམ་ཡང་འཕྱི་དྲགས་མེད་པ་ང་ཚོ་ཡིད་ཆེས་ཐུབ།
ཕ་ཡིས་བུ་ལ་སྙིང་རྗེ་བསྐྱེད་པ༌བཞིན། །ཡ་ཝཱེར་གུས་ཤིང་འཇིགས་པའི་མི་རྣམས༌ལ། །ཁོང་གིས་དེ་བཞིན་སྙིང་རྗེས་གཟིགས་པ༌ཡིན།།( གསུང༌མགུར། 103:13 )
བདག་གིས་གཅེས་སུ་འཛིན་པ་རྣམས་ལ་གཤེ་གཤེ་གཏོང་ཞིང་བསླབ་བྱ་གནང་བ་ཡིན་པས། ཁྱོད་ཀྱིས་ངར་ཤུགས་བསྐྱེད་པ་དང་འགྱོད་བཤགས་ཀྱང་བྱེད་དགོས་སོ།།( མངོན་པ། 3:19 )
དོགས་པ་མེད་པར་དྲང་བདེན་རྒྱལ་ཁ་ཐོབ་ངེས་ཤིང་། མི་རེ་རེས་རང་ལ་འོས་པ་ཐོབ་ངེས།
ཡ་ཝཱེ་བདག་ནི་མིའི་སེམས་ལ་ལྟ་ཞིབ་དང་ཚོད་བརྟག་བྱེད་མཁན་ཡིན་ཏེ། མི་ཀུན་ལ་རང་རང་གི་བྱ་སྤྱོད་དང་ཅི་བྱས་ལ་འོས་པའི་འབྲས་བུ་བཞིན་དུ་ལན་འཇལ་བར་བྱ།( ཡེ་རེམ་ཡཱ། 17:10 )
འོན་ཀྱང་། དྲང་པོ་ངོ་མ་ཚོ་ཅིའི་ཕྱིར་སྡུག་བསྔལ་མྱོང་།
འཛམ་གླིང་སྟེང་དུ་སྡིག་མེད་ཀྱི་མི་གཅིག་ཀྱང་མེད་པ་བརྗེད་ཀྱང་། ང་ཚོས་དཀོན་མཆོག་གི་ལམ་རྟག་ཏུ་གོ་མི་ཐུབ་པ་དྲན་དགོས། ང་ཚོས་ དགེ་བ་དང་སྡིག་པ་གང་ཡིན་པགོ་སྲིད་ཀྱང་། ང་ཚོས་རི་མོ་ཧྲིལ་པོ་མི་མཐོང་བས། ཤེས་བྱ་དེ་ཡང་དག་པར་བེད་སྤྱོད་བྱེད་མི་ཐུབ།
ནམ་མཁའ་ས་གཞི་ལས་མཐོ་བ་བཞིན། བདག་གི་གཤེགས་ལམ་ནི་ཁྱོད་ཅག་གི་བགྲོད་ལམ་ལས་མཐོ་ཞིང་། བདག་གི་བསམ་བློ་ཡང་ཁྱོད་རྣམས་ཀྱི་བསམ་ཚུལ་ལས་མཐོ་བ་ཡིན་ནོ། །( ཡེ་ཤ་ཡཱ། 55:9 )
ང་ཚོས་ངོ་ཤེས་པའི་མི་བཟང་པོ་ཚོར་ཚེ་འདིར་སྡུག་བསྔལ་དེ་ཙམ་མང་པོ་ཅིའི་ཕྱིར་བྱུང་བ་ང་ཚོས་རྟག་ཏུ་གོ་མི་ཐུབ། འོན་ཀྱང་འཕྲིན་བཟང་དཔེ་ཆའི་ནང་སྡུག་བསྔལ་མྱོང་མཁན་ཚོའི་དཔེ་འགའ་ལ་ལྟ། བྲན་གཡོག་ཅིག་ནས་ཨེ་ཇིབ་ཀྱི་དབང་ཆ་ཆེ་ཤོས་གཉིས་པའི་མི་རུ་གྱུར་པའི་ཡོ་སེབ་ཀྱི་གཏམ་རྒྱུད་དྲན་རོགས།
ཁོ་ཚོའི་སྔོན་ལ་མི་ཞིག་བརྫངས་པ༌སྟེ། །གཡོག་པོར་བཙོངས་པའི་ཡོ་སེབ་ཡིན་ལགས༌ཤིང༌།། དེ་ཡི་རྐང་པ་སྒྲོག་གིས་བསྣད་པ༌དང༌། །མཇིང་པ་ལྕགས་སྒྲོག་རྣམས་ཀྱིས་བཅིངས་པ༌འོ།། ཁོང་གིས་གསུངས་པའི་བཀའ་རྣམས་འགྲུབ་པའི༌བར། །ཡ་ཝཱེའི་བཀའ་ཡིས་ཁོང་ལ་ཚོད་བགམ༌མཛད།།( གསུང༌མགུར། 105:17-19 )
ཡོ་སེབ་ཀྱིས་རེ་སྒུག་བྱས་པའི་བྱིན་རླབས་མ་ཐོབ་གོང་དཀའ་ངལ་མང་པོ་བརྒྱུད། ཁོང་ལ་ཕོག་པའི་དཀའ་ངལ་རྣམས་ཁོང་གི་སྡིག་པའི་ཉེས་ཆད་ཁོ་ན་ཡིན་དགོས་མེད་པར། ཁོང་ལ་ཐོབ་རྒྱུའི་གོ་གནས་མཐོ་པོ་དེར་འོས་པར་བཟོ་བའི་སློབ་སྦྱོང་གི་བརྒྱུད་རིམ་དགོས་ངེས་ཤིག་ཡིན།
ཡེ་ཤུ་ཉིད་ཀྱིས་ཀྱང་སྡིག་པ་མ་མཛད་ཀྱང་། འཛམ་གླིང་གི་ཚེ་སྲོག་ནང་སྡུག་བསྔལ་མྱོང་།
ཁོང་ནི་སྲས་ཡིན་ཡང་ཁོང་གིས་སྡུག་བསྔལ་མྱངས་པ་བརྒྱུད་ནས་དཀོན་མཆོག་གི་བཀའ་ཇི་ལྟར་བསྲུང་དགོས་པ་བསླབས་ནས།( ཨིབ་རི་པ། 5:8 )
ང་ཚོའི་ནང་ནས་ལ་ལས་ཕ་མ་འམ་གཅེས་པའི་མི་བོར། ང་ཚོས་ཉིན་མཚན་མེད་པར་དཀོན་མཆོག་ལ་ཁོང་ཚོའི་སྲོག་སྐྱོབ་པར་སྨོན་ལམ་ཞུས་ཀྱང་། ཁོང་ཚོ་འདས་གྲོངས་སུ་ཕྱིན། དཀོན་མཆོག་གིས་ང་ཚོའི་སྐད་ཅིའི་ཕྱིར་མི་གསན།
ང་ཚོའི་གཅེས་པའི་མི་འདས་པའི་ཚེ། ང་ཚོ་ཁོང་ཚོ་དང་འབྲེལ་བ་ཆད། ཁོང་ཚོ་མཐོང་མི་ཐུབ། ཁོང་ཚོ་དང་ཁ་བརྡ་བྱེད་མི་ཐུབ། ཁོང་ཚོའི་འཛུམ་མདངས་མཐོང་མི་ཐུབ། སྐུལ་སློང་གི་བསླབ་བྱ་ཐོབ་མི་ཐུབ། ང་ཚོས་ཁོང་ཚོའི་འཆི་བ་ནི་ང་ཚོས་ཅི་ཡང་བྱེད་མི་ཐུབ་པའི་མཇུག་ཏུ་མཐོང་… འོན་ཀྱང་དཀོན་མཆོག་གིས་ཐུབ། དཀོན་མཆོག་ལ་མི་གཅིག་ཀྱང་ཤི་བ་མེད། དཀོན་མཆོག་གིས་ང་ཚོ་དང་ང་ཚོའི་སྨོན་ལམ་གསན། ཁོང་གིས་ང་ཚོར་ལེགས་པ་འབྱུང་བར་བཞེད་ཅིང་། ང་ཚོས་བོར་བའི་མི་རྣམས་ལའང་ལེགས་པ་འབྱུང་བར་བཞེད།
མི་དྲང་བདེན་འདས་ཀྱང་སེམས་སུ་འཛིན་མཁན་མེད། དད་ལྡན་རྣམས་ཚེ་ལས་འདས་ཀྱང་དེ་ཤེས་མཁན་མེད། མི་དྲང་པོ་འདས་པ་ནི་བར་ཆད་དང་བྲལ་བ་ཡིན། སྤྱོད་དྲང་རྣམས་ཚེ་ལས་འདས་རྗེས་ཞི་བདེ་ནང་འགྲོ་སྟེ། རང་གི་བང་སོ་ནས་ངལ་གསོ་འཐོབ་པར་འགྱུར།( ཡེ་ཤ་ཡཱ། 57:1-2 )
ཁྱེད་རང་དཀོན་མཆོག་ལ་དད་དམ་བརྟན་པོ་ཡོད་པར་ཡིད་ཆེས་ཀྱང་། ཚེ་སྲོག་ཧ་ཅང་དཀའ་ངལ་ཆེ་བ་ཡིན་ནམ། ཕ་བྱམས་ལྡན་ཞིག་དང་འདྲ་བར། ང་ཚོའི་དཀོན་མཆོག་གིས་ང་ཚོར་སློབ་ཁྲིད་དང་ཚར་གཅོད་གནང་ཞིང་། ང་ཚོ་དག་པར་མཛད་དེ་དཀོན་མཆོག་གི་གནང་སྦྱིན་ལེན་པར་གྲ་སྒྲིག་མཛད།
ཁྱོད་རྣམས་ཀྱིས་བཟོད་བསྲན་བྱེད་པ་ནི་གཅུན་པའི་ཕྱིར་ཡིན་ལ། དཀོན་མཆོག་གིས་ཁྱོད་རྣམས་རང་གི་བུ་བཞིན་དུ་གཅུན་པར་མཛད་པའོ།། ཕ་ཡིས་བུ་ལ་མི་གཅུན་པ་ཞིག་ག་ན་ཡོད་ཨང་། མ་གཞི་བུ་ཕྲུག་ཐམས་ཅད་ལ་གཅུན་མཁན་ཡོད། གལ་ཏེ། ཁྱོད་རྣམས་ལ་གཅུན་མཁན་མེད༌ན། ཁྱོད་ཅག་ནི་བྱི་ཕྲུག་ཡིན་པ་ལས་བུ་ཕྲུག་དངོས་མིན་ནོ།། གཞན་ཡང་། བདག་ཅག་ལ་གཅུན་མཁན་ལུས་སྦྱིན་གྱི་ཕ་ཡོད་ལ། བདག་ཅག་གིས་ཁོང་ལ་བརྩི་བཀུར་བྱེད༌པ་ཡིན་པས། སེམས་ཉིད་ཀྱི་ཡབ་ནི་ལྟ་ཅི་སྨོས། བདག་ཅག་གིས་ཁོང་གི་བཀའ་ལ་མཉན་ཏེ་འཚོ་བར་མི་འོས༌སམ། ལུས་སྦྱིན་གྱི་ཕ་རྣམས་ཀྱིས་རང་རང་གི་འདོད་བློ་ལྟར་གནས་སྐབས་སུ་བདག་ཅག་ལ་གཅུན་པ་ཡིན༌མོད། འོན་ཀྱང་སེམས་ཉིད་ཐམས་ཅད་ཀྱི་ཡབ་ལགས་ཀྱིས་བདག་ཅག་ལ་ཕན་འདོགས་པ་དང་། ཁོང་གི་དམ་པའི་རང་བཞིན་ལས་བདག་ཅག་ལ་སྐལ་བ་ལྡན་པའི་ཕྱིར་གཅུན་པར་མཛད་པའོ།། སྤྱིར་གཅུན་པའི་དོན་ཐམས་ཅད་ནི་སྐབས་དེར་སྡུག་བསྔལ་དུ་འདོད་པ་ལས་དགའ་སྤྲོའི་ཚོར་བ་མེད་མོད། འོན་ཀྱང་གཅུན་པའི་སྦྱོང་བ་ཐོབ་པ་རྣམས་ལ་ཕྱིས་སུ་ཞི་བདེའི་འབྲས་བུ་སྨིན་ཞིང་དེ་ནི་དྲང་བདེན་ཡིན་ནོ།།( ཨིབ་རི་པ། 12:7-11 )
དེའི༌ཕྱིར། ཁྱོད་ཅག་ལ་དགའ་སྤྲོ་ཆེན་པོ་ལྡན་ཡང་། ད་ལྟ་དཀའ་སྡུག་སྣ་ཚོགས་ཀྱི་ཁྲོད་དུ་གནས་སྐབས་སུ་ཡིད་གདུང་དགོས་པ་ཡིན། ཁྱོད་རྣམས་ཀྱི་དད་པར་ཚོད་བརྟག་བྱེད་པ་དེ་ནི། མེས་བཙོ་སྦྱང་བྱས་ནའང་འཇིག་པར་འགྱུར་བའི་གསེར་ལས་ཀྱང་རིན་ཆེན་པོར་སྣང༌ཞིང༌། ཡེ་ཤུ་མཱ་ཤི་ཀ་མངོན་སུམ་དུ་ཕེབས་པའི་དུས་སུ། དད་པ་དེ་ལ་བསྔགས་བརྗོད་དང་། གཟི༌བརྗིད། བརྩི་མཐོང་བཅས་འཐོབ་པར་འགྱུར་བའི་ཕྱིར༌རོ།།( པེ་ཏྲོ་དང་པོ། 1:6-7 )
ང་ཚོས་ལས་ངན་བྱེད་མཁན་ཚོ་ཞི་བདེའི་ངང་འཚོ་བ་སྐྱེལ་ཞིང་། དྲང་བདེན་ལས་ཐར་ནས་བདེ་སྐྱིད་མང་པོ་ལ་ལོངས་སྤྱོད་པ་མཐོང་། དེའི་ནང་ནས་ལ་ལས་ང་ཚོའི་ཚེ་སྲོག་བཤིག་ཅིང་། རང་གི་དགོས་མཁོ་སྒྲུབ་ཆེད་གཞན་ལ་བེད་སྤྱོད་བྱེད་པར་དགའ། ང་ཚོས་ཁོང་ཚོར་ཁྲིམས་གཅོད་གང་ཡང་མ་མཐོང་། འོན་ཀྱང་ཁོང་ཚོ་དཀོན་མཆོག་གི་ཁྲིམས་གཅོད་ལས་ཐར་ཐུབ་སྙམ་དུ་བསམ་མི་རུང་།
དེ་རྣམས་འཆི་བའི་དུས་སུ་ཟུག་གཟེར༌མེད། །ཁོག་པ་རྒྱགས་ཤིང་སྟོབས་ཀྱང་རྒྱས་པ༌ཡིན།། དེ་ཚོར་གཞན་ལྟར་དཀའ་སྡུག་མི་འབྱུང༌ལ། །གཞན་པ་ནང་ལྟར་རྐྱེན་ངན་ཡང་མི༌འཕྲད།། དེའི་ཕྱིར་ང་རྒྱལ་དེ་ཚོའི་མགུལ་རྒྱན༌ཡིན། །གདུག་རྩུབ་གོས་བཞིན་དེ་ཚོས་གྱོན་བྱེད༌དོ།། ལུས་ཕུང་རྒྱགས་པས་མིག་ཟུང་འབུར་དུ༌ཐོན། །དེ་ཚོའི་ངན་སེམས་བསམ་ཡུལ་ལས་ཀྱང༌འདས།། མི་ལ་འཕྱ་ཞིང་སེམས་ངན་བཅངས་ནས༌ནི། །གཉའ་གནོན་གཏམ་རྣམས་སྨྲ་ཞིང་ཁ་ཕོ༌ཆེ།། དེ་ཚོའི་ངག་གིས་ནམ་མཁར་སྐུར་བ་འདེབས། །དེ་ཚོའི་སྨྲ་བརྗོད་ས་གཞི་ཡོངས་ལ༌སླེབས།། དེའི་ཕྱིར་ཁོང་གི་མི་རྣམས་དེའི་ཕྱོགས༌ལོག །མོད་པོ་ཆུ་ནི་ངོམ་པར་བཏུང་བ༌འོ།། དེ་ཚོས་དཀོན་མཆོག་གིས་ནི་ཇི་ལྟར༌མཁྱེན། །བླ་ན་མེད་པར་ཤེས་ཡོན་ཡོད་དམ༌ཟེར།།( གསུང༌མགུར། 73:4-11 )
ཁྱེད་ཀྱིས་དངོས་གནས་དེ་རྣམས་འདྲེད་སར༌བཞག །སྟོངས་ཕྱིར་དེ་དག་ཐུར་དུ་གཡུགས་མཛད༌དོ།། དེ་རྣམས་སྐད་ཅིག་ཉིད་ལ་ཇི་ལྟར༌སྟོངས། །འཇིགས་སྣང་གིས་ནི་ཡོངས་སུ་མེད་པར༌བྱས།། གཉིད་སད་རྨི་ལམ་ཇི་ལྟར་ཡིན་ན༌ནི། །ཀྱེ་ཀྱེ་གཙོ་བོ་ཁྱེད་ཉིད་མནལ་སད༌དུས། །དེ་ཚོའི་འཆར་སྣང་ལ་ནི་དེ་བཞིན༌སྨད།།( གསུང༌མགུར། 73:18-20 )
དུད་འགྲོ་ལྟ་བུས་མི་རྟོགས༌ཤིང༌། །གླེན་པ་རྣམས་ཀྱིས་གོ་བ༌མིན།། མི་ངན་རྩྭ་སྔོན་བཞིན་དུ༌སྐྱེ། །སྡིག་སྤྱོད་ཐམས་ཅད་དར་ན༌ཡང༌། །ཁོ་ཚོ་གཏན་དུ་རྒུད་པར༌འགྱུར།།( གསུང༌མགུར། 92:6-7 )
ངན་པའི་ཕྱིར་དུ་སེམས་མ༌འབར། །དེ་ལ་ཕྲག་དོག་ཀྱང་མ༌བསྐྱེད།། གང་ལ་ཞེ་ན་མི་ངན༌ལ། །མཇུག་འབྲས་ལེགས་པོ་ཡོད་མ༌ཡིན། །ངན་པའི་སྒྲོན་མེ་ཞི་བར༌འགྱུར།།( ལེགས་བཤད། 24:19-20 )
དཀོན་མཆོག་ནི་རྟག་ཏུ་དྲང་བདེན་ཡིན་པ་དྲན་རོགས། ང་ཚོས་ཁོང་གི་ལམ་རྟག་ཏུ་གོ་མི་ཐུབ་ཅིང་། སྐབས་རེ་གཞན་ལ་མགྱོགས་པོར་ཁྲིམས་གཅོད་བྱེད། དེའི་ཚབ་ཏུ་དྲང་བདེན་དཀོན་མཆོག་ལ་གཏོད་དེ། ང་ཚོས་ཁོར་ཡུག་གི་མི་ཚང་མར་གུས་བཀུར་དང་ བྱམས་བརྩེཡིས་བྱ་སྤྱོད་བྱེད་པར་ནུས་པ་ཡོད་ཚད་འདོན་རོགས།
སུ་ཞིག་གིས་ནི་ཀུན་སློང་རབ་དག༌གིས། །ཁོང་ལ་ཞུས་ན་ཁོང་ནི་ཉེ་བར༌བཅར།། སུ་ཞིག་ཁོང་ལ་གུས་ཤིང་འཇིགས་གྱུར༌ན། །ཁོང་གིས་དེ་ཡི་རེ་བ་སྐོང་བྱེད༌ཅིང༌། །དེ་རྣམས་འོ་དོད་གསན་ཞིང་སྐྱོབ་པར༌མཛད།།( གསུང༌མགུར། 145:18-19 )
དཀོན་མཆོག་ཡ་ཝཱེ་དངོས་སུ་ཁྱོད་ཀྱི་སྔོན་དུ་ཕེབས་ནས་ཁོང་ཁྱོད་དང་མཉམ་དུ་བཞུགས་པ་དང་། ཁོང་གིས་ཁྱོད་སྤངས་ནས་འདོར་མི་སྲིད་པས། ཁྱོད་འཇིགས་ནས་དངངས་མི་དགོས་ཞེས་གསུངས་སོ། །( བཀའ་ལུང་། 31:8 )