ང་ཚོས་དཀོན་མཆོག་གི་རྗེས་སུ་ཇི་ལྟར་འབྲང་དགོས་སམ། དཀོན་མཆོག་གིས་ང་ཚོ་ཇི་ལྟར་འཚོ་དགོས་པར་དགོངས་སམ།
ང་ཚོའི་མི་ཚེའི་རིང་ལ། ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ནས་ཇི་ལྟར་ཡང་དག་པར་འཚོ་དགོས་པ་དང་། ཇི་ལྟར་འོས་འཚམས་ཀྱི་བྱ་བ་བྱེད་དགོས་པ། བདེ་སྐྱིད་དང་མི་ཚེའི་དོན་སྙིང་ངོ་མ་གང་དུ་འཚོལ་དགོས་པའི་བསམ་བློ་རྒྱུན་དུ་སྐྱེ། ང་ཚོས་རིན་གོང་ཆེ་བའི་དངོས་པོ་ཉོས་པ་དང་རང་གི་གྲུབ་འབྲས་ལས་ཀྱང་ཚིམ་པ་མི་རྙེད…
ང་ཚོས་ཡེ་ཤུས་ ང་ཚོའི་སྲོག་སྐྱོབ་པསྐོར་ཐོས་ཡོད། དེ་ཙམ་གྱིས་འདང་ངམ། ཡང་ན་ང་ཚོ་རང་ཉིད་ཀྱིས་ཀྱང་ཅི་ཞིག་བྱེད་དགོས་སམ།
དམ་པའི་གསུང་རབ་ཀྱིས་དུས་ཀྱི་ཐོག་མ་ནས་བཟུང་མི་སྒེར་དང་མི་རིགས་སོ་སོའི་ལམ་བུ་འགོད་ཅིང་། དཀོན་མཆོག་ནི་སུ་ཡིན་པ་དང་། ཁོང་གིས་ང་ཚོ་ཅིའི་ཕྱིར་གསར་བསྐྲུན་མཛད་པ། ང་ཚོར་ཅི་ཞིག་རེ་བ་ཡོད་པའི་སྐོར་ལ་རི་མོ་གསལ་པོ་ཞིག་འཆར་དུ་འཇུག འོན་ཀྱང་ང་ཚོས་ཐོག་མ་ནས་འགོ་འཛུགས།
ང་ཚོས་དཀོན་མཆོག་གིས་མོ་ཤེ་བརྒྱུད་ནས་ང་ཚོར་གནང་བའི་གན་རྒྱ་རྙིང་པའི་བཀའ་ཁྲིམས་བཅུ་ལ་ལྟ་ཞིབ་བྱེད། བཀའ་ཁྲིམས་བཅུ་ནི་ལོ་ཆིལ་ཕྲག་མང་པོའི་སྔོན་ལ་མི་རྣམས་ལ་གནང་བ་ཡིན། དེ་དག་ཐུང་ཞིང་སླ་བ་ཡིན་ལ། དཀོན་མཆོག་གིས་ང་ཚོར་ཅི་ཞིག་དགོངས་པ་ཤེས་འདོད་ཡོད་མཁན་རྣམས་ལ་འགོ་འཛུགས་ཡག་པོ་ཞིག་ཡིན།
- ངའི་མདུན་དུ་ཁྱོད་ལ་ལྷ་གཞན་མི་ཡོད་པར་བྱ།
- དངོས་པོ་གང་གི་འདྲ་སྐུ་ལའང་ཕྱག་མ་འཚལ…
- ཁྱོད་ཀྱི་དཀོན་མཆོག་གཙོ་བོའི་མཚན་དོན་མེད་དུ་མ་འདོན།
- ངལ་གསོའི་ཉིན་མོ་དྲན་ནས་དེ་དམ་པར་སྲུངས།
- ཁྱོད་ཀྱི་ཕ་དང་མ་ལ་གུས་བཀུར་གྱིས།
- མི་མ་གསོད།
- ལོག་གཡེམ་མ་སྤྱོད།
- རྐུ་མ་བྱེད།
- ཁྱོད་ཀྱི་ཁྱིམ་མཚེས་ལ་ཁ་གཏད་དུ་རྫུན་གྱི་དཔང་པོ་མ་བྱེད།
- ཁྱོད་ཀྱི་ཁྱིམ་མཚེས་ལ་རང་ཉིད་ལྟར་བྱམས་པར་གྱིས།
བཀའ་ཁྲིམས་རེ་རེའི་ཞིབ་ཕྲ་ལ་མ་སླེབས་གོང་། ང་ཚོས་རྗེས་སུ་བྲིས་པའི་ཡི་གེ་ཞིག་ལ་ལྟ་ཞིབ་བྱས་ནས། བཀའ་ཁྲིམས་འདི་དག་སྐོར་ལ་དཀོན་མཆོག་བདེན་པའི་སྲས་གཅིག་པོ་ཡེ་ཤུ་མ་ཤི་ཀའི་གསུང་ཉན།
སློབ་དཔོན༌ལགས། བཀའ་ཁྲིམས་ཐམས་ཅད་ལས་གཙོ་ཤོས་གང་ཡིན་ནམ་ཞེས་དྲིས་པ༌ན། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་གཙོ་བོ་སྟེ་རང་གི་དཀོན་མཆོག་ལ་བློ་གཅིག་སེམས་གཅིག་ཡིད་གཅིག་དང་སྟོབས་ཤུགས་ཡོད་རྒུས་གཅེས༌ཤིག འདི་ནི་བཀའ་ཁྲིམས་ཐམས་ཅད་ལས་ཐོག་མ་དང་ཆེས་གཙོ་ཤོས༌ཡིན། གཉིས་པའང་དེ་དང་འདྲ༌སྟེ། ཁྱོད་ཀྱིས་ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་ཤིག་ཅེས་པ་འདི༌ཡིན། བཀའ་ཁྲིམས་འདི་གཉིས་ནི་བཀའ་ཁྲིམས་དང་ལུང་སྟོན་པའི་མདོ་ཐམས་ཅད་ཀྱི་རྩ་བ་ཡིན་ཞེས་གསུངས༌སོ།།( མད༌ཐཱ། 22:36-40 )
ཡེ་ཤུའི་གསུང་ལྟར་ན། ང་ཚོས་ལྟ་ཞིབ་བྱེད་རྒྱུའི་བཀའ་ཁྲིམས་འདི་ཚང་མའི་རྨང་གཞི་ནི་གཞན་ལ་བྱམས་པ་དང་དོ་སྣང་ཡིན།
༡. ངའི་མདུན་དུ་ཁྱོད་ལ་ལྷ་གཞན་མི་ཡོད་པར་བྱ། ཡང་ན། ཁྱོད་ཀྱིས་སེམས་ཡོངས་རྫོགས་དང་། སྲོག་ཡོངས་རྫོགས། བློ་ཡོངས་རྫོགས་ཀྱིས་ཁྱོད་ཀྱི་དཀོན་མཆོག་གཙོ་བོ་ལ་བྱམས་པར་བྱ་དགོས།
ལོ་རྒྱུས་ཡོངས་ལ་མི་རྣམས་ཀྱིས་དངུལ་དང་། གསེར། ཤིང་། འཇིམ་པ་བཅས་ལས་ལྷ་བཟོས་ནས་ཆོ་ག་རྙོག་འཛིང་ཅན་གྱིས་མཆོད་ཅིང་། ཉེས་མེད་ཀྱི་སེམས་ཅན་དང་མི། རྒྱུན་དུ་བྱིས་པ་ཉེ་ཆར་སྐྱེས་པ་རྣམས་མཆོད་འབུལ་དུ་ཕུལ… དེང་རབས་ཀྱི་དུས་སུ་ཀུན་ལ་ཁྱབ་པའི་ལྷའམ་འདྲ་སྐུ་ནི་ནོར་དང་དབང་ཆ་ཡིན། འདྲ་སྐུ་དེ་དག་ལ་ཞབས་ཞུ་བྱེད་ཆེད། ང་ཚོར་འདང་ངེས་ཡོད་ཀྱང་དངུལ་ལམ་དབང་ཆ་ཇི་ལྟར་མང་དུ་ཐོབ་དགོས་མིན་ཁོ་ན་བསམ། ང་ཚོས་གཞན་ལ་རོགས་རམ་བྱེད་པ་ལས་ཁ་ཕྱིར་བསྐོར་ཞིང་། གྲོགས་པོ་དང་ཁྱིམ་མཚེས། དཀའ་ངལ་ཅན་གྱི་མི་རྣམས་ལ་སྙིང་རྗེ་བརླག་འགྲོ། དེའི་ཚབ་ཏུ་ང་ཚོས་དཀོན་མཆོག་ཐོག་མར་བཞག་དགོས། བྱམས་པ་ཐོག་མར་བཞག་དགོས།
ཡང་སུ་ཞིག་གིས་བདག་ལས་ཀྱང་ཁོ་རང་གི་ཕ་མར་གཅེས༌ན། མི་དེ་ནི་བདག་གི་རྗེས་འབྲང་པ་བྱ་མི་འོས༌ཤིང༌། སུ་ཞིག་གིས་བདག་ལས་ཀྱང་རང་གི་བུ་ཕྲུག་ལ་གཅེས༌ན། མི་དེའང་བདག་གི་རྗེས་འབྲང་པ་བྱ་མི༌འོས། ཡང་སུ་ཞིག་གིས་རང་གི་ཤིང་རྒྱ་གྲམ་ཁུར་ནས་བདག་གི་རྗེས་སུ་འབྲང་བ་མིན་ན་མི་དེའང་བདག་གི་རྗེས་འབྲང་པ་བྱ་མི༌འོས། ཡང་མི་སུ་ལའང་རང་སྲོག་ཐོབ་པ་དེས་རང་སྲོག་འཆོར༌ཞིང༌། མི་སུས་ཀྱང་བདག་གི་དོན་དུ་རང་སྲོག་འདོར་བ་དེར་རང་སྲོག་འཐོབ་ངེས༌སོ།།( མད༌ཐཱ། 10:37-39 )
དཀོན་མཆོག་ལ་བྱམས་པ་དང་ཁོང་ཐོག་མར་འཇོག་པ་ཞེས་པ་ཅི་ཞིག་གི་དོན་ཡིན་ནམ། གལ་ཏེ་ང་ཚོས་ཉིན་རེའི་འཚོ་བར་དཀོན་མཆོག་མ་མཐོང་། ཁོང་གི་གསུང་མ་ཐོས་ན། ཁོང་ལ་ཇི་ལྟར་བྱམས་ཐུབ་བམ། དཀོན་མཆོག་གང་དུ་རྙེད་ཐུབ་བམ།
གན་རྒྱ་རྙིང་པ་ནས་ང་ཚོའི་དཀོན་མཆོག་གོ་བ་ཅུང་དཀའ་སྲིད། གང་ལགས་ཤེ་ན། དེར་ཁོང་གིས་ང་ཚོར་མཛད་པའི་ཐུགས་ཁུར་དེ་རྒྱུན་དུ་སྒྲིག་ཁྲིམས་དང་བཀག་སྡོམ་དམ་པོ་དོན་མེད་ཅིག་ཏུ་ངོས་འཛིན་བྱས། འོན་ཀྱང་ཡེ་ཤུ་ང་ཚོའི་ཡབ། ང་ཚོའི་དཀོན་མཆོག་གི་རྣམ་པ་ངོ་མ་ང་ཚོར་སྟོན་ཆེད་འཛམ་གླིང་དུ་བབས་བྱོན།
སྔར་ཁྱོད་རྣམས་ཀྱིས་ང་རང་ངོ་ཤེས་ན་བདག་གི་ཡབ་ཀྱང་ངོ་ཤེས༌པ་དང་། དུས་ད་ནས་བཟུང་ཁྱོད་རྣམས་ཀྱིས་ཁོང་ཉིད་ངོ་ཤེས་པ་དང་མཐོང་བ་ཡིན་ཞེས་གསུངས་སོ།།( ཡོ་ཧ་ནན། 14:7 )
དེའི་ཕྱིར། དཀོན་མཆོག་ནི་སུ་ཡིན་པ་གོ་བར་ང་ཚོས་ཡེ་ཤུ་མ་ཤི་ཀ་དང་། གན་རྒྱ་གསར་པའི་ནང་གི་ཁོང་གི་མཛད་རྣམ་དང་ལོ་རྒྱུས་སྐོར་མང་ཙམ་ཤེས་དགོས།
དཀོན་མཆོག་ལ་བྱམས་པ་ཞེས་པ་ཅི་ཞིག་གི་དོན་ཡིན་ནམ།
དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་ཁྱོད་རྣམས་ཀྱིས་བདག་གཅེས་པར་འཛིན་ན་བདག་གི་བཀའ་རྣམས་ཀྱང་བསྲུང་བར་འགྱུར།( ཡོ་ཧ་ནན། 14:15 )
ཡེ་ཤུ་ཉིད་ཀྱིས་ཀྱང་དེ་ཉིད་མཛད། ཁོང་གིས་ཡབ་ལ་བྱམས་པ་འཇིག་རྟེན་ལ་སྟོན་ཆེད། ཡབ་ཀྱིས་དེ་ལྟར་མཛད་དགོས་ཞེས་བཀའ་གནང་བས་ཁྲུས་ཤིང་སྟེང་དུ་གྲོངས།
འོན་ཀྱང་ངས་ཡབ་ཀྱི་བཀའ་བཞིན་དུ་སྒྲུབ་པ་ཡིན༌ཏེ། ངས་ཡབ་གཅེས་པར་འཛིན་པ་འཇིག་རྟེན་མི་ཡིས་ཀྱང་ཤེས་དགོས་པའི་ཕྱིར༌ཡིན། ཡར་ལོངས་དང་བདག་ཅག་འགྲོའོ་ཞེས་གསུངས༌སོ།།( ཡོ་ཧ་ནན། 14:31 )
དཀོན་མཆོག་འཛམ་གླིང་དུ་མཚོན་ཆེད་བབས་བྱོན་པའི་ཡེ་ཤུ་ལ་ང་ཚོའི་བྱམས་པ་སྟོན། བྱམས་པའི་དོན་སྙིང་ངོ་མ་གོ་ཆེད་ཁོང་གི་མཛད་པ་རྣམས་སློབ་སྦྱོང་བྱེད། བྱམས་པ་དེ་ལྟ་བུའི་འབྲས་བུ་ནི་ཁོང་གི་བཀའ་ཁྲིམས་རྣམས་ལ་བརྩི་སྲུང་བྱེད་པ་ཡིན།
སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། བདག་ཅག་གིས་ཕན་ཚུན་ལ་བྱམས་ཤིང་གཅེས་འོས་སོ།། ཅིའི་ཕྱིར་ཞེ་ན། བྱམས་པ་ནི་དཀོན་མཆོག་ནས་བྱུང་བས༌སོ། །གཅེས་སེམས་ཡོད་པ་ཐམས་ཅད་ནི་དཀོན་མཆོག་ནས་སྐྱེས་ཤིང་དཀོན་མཆོག་ངོ་ཤེས་པ་ཡིན།( ཡོ་ཧ་ནན་དང་པོ། 4:7 )
༢. དངོས་པོ་གང་གི་འདྲ་སྐུ་ལའང་ཕྱག་མ་འཚལ
ཁྱོད་ཀྱིས་རང་ཉིད་ལ་སྐུ་འདྲ་དང་། སྟེང་གི་ནམ་མཁའ་འམ། འོག་གི་སའམ། ས་འོག་གི་ཆུ་ལ་ཡོད་པའི་སེམས་ཅན་གྱི་གཟུགས་བརྙན་གང་ཡང་བཟོ་མི་རུང་། དེ་དག་ལ་ཕྱག་མ་འཚལ། བསྙེན་བཀུར་ཡང་མ་བྱེད། གང་ལ་ཟེར་ན། ཁྱོད་ཀྱི་དཀོན་མཆོག་ཡ་ཝཱེ་ང་རང་ནི་ཕྲག་དོག་ཅན་ཞིག་ཡིན་ཏེ། ཕ་རྣམས་ཀྱི་ནག་ཉེས་ཕྱིར་མི་རབས་གསུམ་མམ་བཞིའི་བར་དུ་ང་རང་ལ་སྡང་མཁན་གྱི་བུ་ཕྲུག་རྣམས་ལ་བཀའ་ཆད་གཅོད་མོད། འོན་ཀྱང་ང་རང་གཅེས་སུ་འཛིན་པ་དང་བདག་གི་བཀའ་སྲུང་མཁན་རྣམས་ལ་མི་སྟོང་ཕྲག་གི་བར་དུ་ཐུགས་བརྩེ་བར་བྱེད་དོ། །( ཨེ་ཅིབ་ནས་ཐོན་པ། 20:4-6 )
ང་ཚོས་རང་གི་མིག་གིས་མཐོང་བའི་དངོས་པོ་ཞིག་ལ་མཆོད་པའི་འདོད་འདྲེན་ལ་འགོག་པ་ཧ་ཅང་དཀའ། འདྲ་སྐུ་བཟོ་བ་མ་ཟད། ང་ཚོས་དམ་པ་རྣམས་ཀྱི་པར་རིས་ལ་ཕྱག་འཚལ་བ་དང་། ཡེ་ཤུ་མ་ཤི་ཀ་དང་ཁོང་གི་ཡུམ་མ་རི་ཡའི་རི་མོ་ལ་འོ་བྱེད་པར་དགའ། དེས་ང་ཚོ་དཀོན་མཆོག་ནི་སུ་ཡིན་པའི་ལྟ་བ་ནོར་འཁྲུལ་དུ་འཁྲིད… ང་ཚོའི་དཀོན་མཆོག་ནི་མེས་སྲེག་པའམ་རྐུ་འཕྲོག་བྱེད་སྲིད་པའི་ཆོས་ཁང་ནང་གི་རི་མོ་དེ་མིན། དཀོན་མཆོག་ནི་དམ་པའི་གསུང་རབ་དང་། ཏོ་ར། ཀུ་རན། ཡང་ན་དེབ་དང་གསུང་རབ་གཞན་གང་ཡང་མིན།
གལ་ཏེ་ང་ཚོས་རང་གི་བྱམས་པ་དང་དད་པ། རེ་བ་བཅས་དངོས་པོ་ཞིག་གི་འདྲ་སྐུའི་སྟེང་དུ་བཞག་ན། འདྲ་སྐུ་དེ་མེད་པར་གྱུར་དུས་ང་ཚོའི་རེ་བའང་འཆི་ངེས། ང་ཚོས་དཀོན་མཆོག་ནམ་ཡང་སུས་ཀྱང་མཐོང་མེད་པ་བརྗེད། ཡེ་ཤུ་མ་ཤི་ཀའི་སྐུ་གཟུགས་ཇི་ལྟ་བུ་ཡིན་པ་སུས་ཀྱང་མི་ཤེས། གལ་ཏེ་ཡེ་ཤུའི་ཕྱི་གཟུགས་དེ་ཙམ་གལ་ཆེན་ཡིན་ན། དཀོན་མཆོག་གིས་དམ་པའི་གསུང་རབ་ནང་ཁོང་གི་ཞིབ་བརྗོད་གནང་མེད་དམ།…
དངོས་ཡོད་ཀྱི་འཚོ་བར་ཡེ་ཤུ་ནི་ང་ཚོས་ཁོང་གི་འདྲ་པར་གང་ལའང་མཐོང་བ་དང་འདྲ་བ་ཡིན་མི་སྲིད། གང་ལགས་ཤེ་ན། ཁོང་གི་སྐུ་གཟུགས་ལ་ཁྱད་མཚར་གང་ཡང་མེད… ཡེ་ཤུ་ནི་ཕྱི་གཟུགས་ཀྱིས་ངོས་འཛིན་དང་དྲན་པར་བྱ་རྒྱུའི་ཆེད་དུ་མིན། འདིར་ལུང་སྟོན་པ་ཡེ་ཤ་ཡཱས་ཕྱིན་ཆད་བྱོན་རྒྱུའི་ མ་ཤི་ཀ སྐོར་བཀོད་པའི་འགྲེལ་བཤད་ཡོད།
ཁོང་ནི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་རྩི་ཤིང་གསར་བ་འབུས་པ་དང་། རྩ་བ་སྐམ་ས་ནས་རྒྱས་པ་བཞིན། ང་ཚོས་ཡིད་སྨོན་འཆོར་བའི་གཟུགས་མཛེས་དང་རྔམ་བརྗིད་དེ་ལ་མེད་ཅིང་། ང་ཚོ་འགུག་པར་འགྱུར་བའི་མཛེས་སྡུག་ཀྱང་དེ་ལ་མེད།( ཡེ་ཤ་ཡཱ། 53:2 )
དཀོན་མཆོག་གིས་ང་ཚོས་དངོས་པོ་གང་གི་འདྲ་སྐུ་ལའང་མཆོད་པར་མི་དགོངས། དེའི་ཚབ་ཏུ་ཁོང་གིས་དཀོན་མཆོག་ནི་བྱམས་པ་ཡིན་པ་དང་། དཀོན་མཆོག་ང་ཚོའི་ནང་དུ་བཞུགས་ཐུབ་པ་ང་ཚོས་ཤེས་པར་དགོངས། ཁོང་དང་གསུང་མོལ་བྱེད་པ་དང་ཁོང་དང་མཉམ་དུ་སྡོད་པར་ང་ཚོར་དངོས་པོ་ཡོད་དགོས་པའམ་འདྲ་སྐུ་མཐོང་དགོས་པ་མེད། དབུལ་པོ་དང་ཕྱུག་པོ། འཕྲོད་བསྟེན་ལྡན་པ་དང་དབང་པོ་སྐྱོན་ཅན་གྱི་མི་ཚང་མར་དཀོན་མཆོག་དྲུང་དུ་འགྲོ་བའི་གོ་སྐབས་འདྲ་མཉམ་ཡོད།
གཅེས་སེམས་མེད་པ་དེས་དཀོན་མཆོག་ངོ་མི་ཤེས་སོ།། ཅིའི་ཕྱིར་ཞེ་ན། དཀོན་མཆོག་ནི་བྱམས་པ་ཡིན་པའི་ཕྱིར་རོ།།( ཡོ་ཧ་ནན་དང་པོ། 4:8 )
དཀོན་མཆོག་གིས་བདག་ཅག་ལ་བྱམས་པ་ནི་བདག་ཅག་གིས་ཤེས་ཤིང་ཡིད་ཆེས་ཀྱང་བྱེད༌པ་དང་། དཀོན་མཆོག་ནི་བྱམས་པ་ཡིན། སུ་ཞིག་བྱམས་པའི་ནང་དུ་གནས་པ་ཡིན་ན། དཀོན་མཆོག་གི་ནང་དུའང་གནས་པ་ཡིན༌ལ། དཀོན་མཆོག་ཀྱང་མི་དེའི་ནང་དུ་བཞུགས༌པ་ཡིན།( ཡོ་ཧ་ནན་དང་པོ། 4:16 )
ང་ཚོས་དཀོན་མཆོག་ནམ་ཡང་ང་ཚོ་དང་མཉམ་དུ་བཞུགས་པར་གདན་འདྲེན་ཞུ། དངོས་པོ་གང་གིས་ཀྱང་ང་ཚོ་ཁོང་ལས་ཁ་བྲལ་མི་ཐུབ།
༣. ཁྱོད་ཀྱི་དཀོན་མཆོག་གཙོ་བོའི་མཚན་དོན་མེད་དུ་མ་འདོན
ཁྱོད་ཀྱི་དཀོན་མཆོག་ཡ་ཝཱེའི་མཚན་གང་བྱུང་དུ་སྤྱོད་མི་རུང་། ཅི་ལ་ཞེ་ན། སུ་ཞིག་གིས་ཁོང་གི་མཚན་གང་བྱུང་དུ་སྤྱད་ན་དཀོན་མཆོག་ཡ་ཝཱེས་མི་དེ་ཉེས་མེད་དུ་རྩི་བར་མི་འགྱུར་རོ། །( ཨེ་ཅིབ་ནས་ཐོན་པ། 20:7 )
སྐབས་འདིར་“མཚན”ཞེས་པ་ནི་རྣམ་པ་དང་གྲགས་ཚད་ལ་གོ། ང་ཚོའི་དཀོན་མཆོག་གཙོ་བོ་ལོག་པར་འགྲེལ་བ་དང་ནོར་འཁྲུལ་ངང་གོ་བ་ཧ་ཅང་སླ། གལ་ཏེ་ང་ཚོས་“དཀོན་མཆོག་དཔང་པོར་བཙུགས་ནས་མནའ་སྐྱེལ…”ཡང་ན་“ཨ་ཙི་དཀོན་མཆོག འདི་ནི…”“དཀོན་མཆོག་གིས་ང་ལ་འདི་བྱས…”“དཀོན་མཆོག་ནི་སྒྲུང་གཏམ་གྱི་རྫུན་ཞིག་ཡིན”ཞེས་པ་ཡང་ཡང་ཐོས་སམ། ཡང་ན་ང་ཚོ་རང་ཉིད་ཀྱིས་དཀོན་མཆོག་གི་མཚན་ལོག་སྤྱོད་བྱས་ན། དོན་མེད་པར་ཁ་ནས་བཤད་ཙམ་ཡིན་ཡང་། ང་ཚོས་དམ་པ་དང་མཐུ་སྟོབས་ལྡན་པའི་དཀོན་མཆོག་གི་དོན་སྙིང་བརླག་འགྲོ། དེ་དང་མཉམ་དུ་ཁོང་རྙེད་རྒྱུའི་རེ་བའང་བརླག་འགྲོ།
བདག་གི་མཚན་དཔང་དུ་བཙུགས་ནས་མནའ་རྫུན་མ་བསྐྱལ་ཏེ་ཁྱོད་ཀྱི་དཀོན་མཆོག་གི་མཚན་ཁྱད་དུ་གསོད་མི་རུང་། བདག་ནི་ཡ་ཝཱེ་ཡིན་ནོ། །( ལེ་ཝིའི་ཚུལ་ཁྲིམས། 19:12 )
དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ངས་ཤོག་དྲིལ་འདི་ཕྱི་རུ་མངགས་ཏེ། རྐུ་བྱེད་མཁན་གྱི་ཁྱིམ་དང་ངའི་མིང་བརྗོད་ནས་མནའ་རྫུན་མ་སྐྱེལ་མཁན་གྱི་ཁྱིམ་ནང་དུ་སོང་ནས། ཤོག་དྲིལ་ནི་དེའི་ཁྱིམ་དུ་ལུས་པར་འགྱུར་ལ། དེའི་ཁྱིམ་ནང་གི་ཤིང་ཆ་དང་རྡོ་རྣམས་རྩ་བ་ནས་བརླག་པར་འགྱུར་ཞེས་གསུངས། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཞེས་གསུངས་སོ། །( ཟཱ་ཀར་ཡ། 5:4 )
༤. ངལ་གསོའི་ཉིན་མོ་དྲན་ནས་དེ་དམ་པར་སྲུངས
དམ་པའི་གསུང་རབ་ནང་གི་ངལ་གསོའི་ཉིན་མོའི་སྐོར་ལ་ང་ཚོས་ཅི་ཞིག་ཤེས་སམ།
ཡང་བདག་གིས་རང་གི་ངལ་གསོ་བའི་ཉིན་མོ་ཁོ་ཚོར་གནང་སྟེ། ང་དང་ཁོ་ཚོའི་བར་གྱི་བདེན་དཔང་དུ་བྱས་ནས། བདག་ནི་ཁོ་ཚོ་དམ་པར་བྱེད་མཁན་ཡ་ཝཱེ་ཡིན་པ་རྟོགས་སུ་བཅུག་གོ །( ཨེ་ཟེ་ཀི་ཨེལ། 20:12 )
ངལ་གསོ་བའི་ཉིན་མོར་རང་གི་ཁྱིམ་ནས་ཁུར་པོ་ཁུར་ནས་མ་འགྲོ་ཞིག ལས་ཀ་ཅི་ཡང་མི་བྱེད་པར་ངས་ཁྱོད་ཚོའི་མེས་པོ་རྣམས་ལ་བསྒོས་པའི་བཀའ་བཞིན་དུ་ངལ་གསོ་བའི་ཉིན་མོ་ནི་དམ་པར་སྲུངས་ཤིག་ཅེས་སྨྲ་བར་གྱིས་ཞེས་གསུངས་ནའང་། དེ་དག་གིས་མ་མཉན་ལ་རྣ་བའང་མ་གཏད་དེ། སེམས་རྒྱུད་གྱོང་པོ་བྱས་ནས་མ་མཉན་ལ་བཀའ་སློབ་དང་ལེན་མི་བྱེད་དོ། ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ཀྱིས་སེམས་བསམ་པས་ང་ལ་ཉན་ཞིང་། ངལ་གསོ་བའི་ཉིན་མོར་ཁུར་པོ་ཁུར་ནས་མཁར་སྒོ་ནང་དུ་མི་འཛུལ་བར་ངལ་གསོ་བའི་ཉིན་མོ་དམ་པར་བསྲུངས་ཏེ། ཉིན་མོ་དེར་ལས་ཀ་ཅི་ཡང་མ་བྱས་ན།( ཡེ་རེམ་ཡཱ། 17:22-24 )
དེ་མ་ཟད་འདི་ཡང་།
ངལ་གསོ་བའི་ཉིན་མོར་ཁྱོད་ཀྱིས་རང་གི་གོམ་སྟབས་ལ་གཟབ་གཟབ་བྱས་ཏེ། བདག་གི་ཉིན་དམ་པའི་ནང་དུ་རང་ཉིད་དགའ་བའི་ལས་མི་སྤྱོད་པར། ངལ་གསོ་བའི་ཉིན་མོ་དགའ་འོས་པའི་ཉིན་དུ་བརྩི་ཞིང་། དཀོན་མཆོག་ཡ་ཝཱེའི་ཉིན་དམ་པ་བཀུར་འོས་པར་བརྗོད་དེ། དེ་ལ་བཀུར་བ་ལས་རང་གི་ལམ་དུ་མི་སྐྱོད་ཅིང་། རང་གི་འདོད་པ་མི་འཚོལ་བ་དང་། ཕན་མེད་ཀྱི་གཏམ་ཡང་མི་སྨྲ་བ་ཡིན་ན།( ཡེ་ཤ་ཡཱ། 58:13 )
ངལ་གསོའི་ཉིན་མོ་ནི་ང་ཚོས་ཉིན་རེའི་ལས་ཀ་ལས་ངལ་གསོ་བ་དང་། དངོས་པོ་དང་བྱ་དགོས་པའི་ལས་ཀར་སེམས་ཁྲལ་མི་བྱེད་པ། འཇིག་རྟེན་འདིའི་ཁུར་པོ་ལས་རང་གི་སེམས་ཐར་བའི་ཆེད་དུ་གནང་བ་ཡིན… འོན་ཀྱང་ང་ཚོས་ལོ་ཆིལ་ཕྲག་མང་པོའི་རིང་ངལ་གསོའི་ཉིན་མོ་ངེས་པར་དུ་ལོག་སྤྱོད་བྱས་ཡོད… ང་ཚོའི་སེམས་ཀྱི་ཁུར་པོ་འབེབས་པ་དང་དཀོན་མཆོག་དྲུང་དུ་འགྲོ་བའི་ལམ་གསལ་བར་རོགས་རྒྱུའི་བཀའ་ཁྲིམས་དེ། མི་རྣམས་ཀྱིས་གཞན་ལ་ཉེས་ཆད་གཏོང་བའི་ཐབས་སུ་བེད་སྤྱོད་བྱས།
མཁན་པོ་དང་ཕ་རུ་ཤི་པ་རྣམས་ཀྱིས་ཁོང་ལ་སྙད་འཛུགས་པའི༌ཕྱིར། ཁོང་གིས་ངལ་གསོ་བའི་ཉིན་ལ་ནད་གསོ་མིན་ལ་བརྟག་ཆེད་ལྐོག་ནས་བལྟས་ཏེ་བསྡད་དོ།།( ལོ་ཀུ 6:7 )
གོང་དུ་བཤད་པ་ལྟར། འདི་ནི་ང་ཚོས་རང་ཉིད་དམ་རང་གི་ཚོང་ལས་ཆེད་ཁེ་ཕན་འཚོལ་བའི་ཉིན་མོ་མིན། འོ་ན་ལས་ཀ་བྱེད་མི་ཆོག་པའི་ཉིན་མོར་མི་ཞིག་ལ་ང་ཚོའི་རོགས་རམ་དགོས་ན་ཅི་ཞིག་བྱེད་དགོས་སམ།
ཡང་སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། ངས་ཁྱོད་རྣམས་ལ་དྲི་བ་ཞིག་འདོན༌ཏེ། བཀའ་ཁྲིམས་ལྟར་ན་ངལ་གསོ་བའི་ཉིན་ལ་ལས་བཟང་པོ་བྱས་ཆོག༌གམ་ཡང་ན་ལས་ངན་པ་བྱས་ཆོག སྲོག་བསྐྱབས་ཆོག༌གམ་ཡང་ན་སྲོག་བཅད་ཆོག་ཅེས་གསུངས་པ༌དང༌།( ལོ་ཀུ 6:9 )
ཡང་ཁོང་གིས་དེ་རྣམས་ལ་རིམ་གྱིས་གཟིགས་ཤིང་མི་ཞ་བོ་དེ་ལ་འདི་སྐད༌དུ། ཁྱོད་ཀྱིས་ལག་པ་རྐྱོངས་ཤིག་ཅེས་གསུངས་པ༌དང༌། ཁོས་ཀྱང་དེ་ལྟར་བྱས་ཤིང་ལག་པ་སོས་པར་གྱུར་ཏོ།།( ལོ་ཀུ 6:10 )
ང་ཚོས་གཟའ་སྤེན་པ་ནི་ལས་ཀ་མི་བྱེད་པ་དང་རང་ཉིད་ཆེད་ཁེ་ཕན་གང་ཡང་མི་འཚོལ་བའི་ཉིན་མོར་སྲུང་། འོན་ཀྱང་གཟའ་སྤེན་པར་ཡང་། ལས་ཀ་དེས་མི་གཞན་ལ་ཕན་ན་ང་ཚོས་ལས་ཀ་ལས་ཕྱིར་མི་འཐེན།
༥. ཁྱོད་ཀྱི་ཕ་དང་མ་ལ་གུས་བཀུར་གྱིས
ང་ཚོ་ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ནས། ང་ཚོའི་མི་ཚེའི་ནང་ཕ་མའི་འགན་དང་ཆ་ཤས་ཇེ་ཆུང་དུ་འགྲོ། ད་ལྟ་ང་ཚོ་ལོ་ན་ཆེར་སོང་བས། ཕ་མས་ང་ཚོར་ཅི་ཞིག་སློབ་སྐབས་ཁོང་ཚོ་དངོས་གནས་ཡང་དག་ཡིན་པ་ཡག་པོ་གོ་ཡོད། འོན་ཀྱང་དེ་གོ་བར་ཁོང་ཚོ་དང་ང་ཚོའི་བར་གྱི་ལོ་ཚད་ཁྱད་པར་ཙམ་གྱི་ལོ་ངོ་དགོས། ད་ལྟ་ཁོང་ཚོ་ལོ་ན་ཇེ་རྒས་སུ་སོང་བས། འགྲོ་བ་དང་། ཉལ་བ། དབུགས་རྔུབ་པ་ཡང་ཇེ་དཀའ་རུ་འགྲོ། ཁོང་ཚོས་ཉན་པར་དགའ་བའི་བུ་ཕྲུག་གི་གད་མོ་དེ་ཡང་བུ་ཕྲུག་དང་མཉམ་དུ་ཁོང་ཚོའི་ཁྱིམ་ལས་ཐག་རིང་དུ་སོང་། ང་ཚོ་ནི་ད་དུང་ཁོང་ཚོའི་སྡུག་བསྔལ་གོ་བར་ལོ་མང་པོ་རྗེས་སུ་ལུས་ཡོད།
དཀོན་མཆོག་གིས་ང་ཚོ་ལ་བྱམས་ཀྱང་། ང་ཚོའི་ཕ་མ་ལའང་བྱམས་ཤིང་ཁོང་ཚོ་བདེ་བར་གནས་པར་དགོངས། དེའི་ཕྱིར་ང་ཚོས་ཁོང་ལ་རོགས་རམ་བྱས་ཏེ། ང་ཚོར་རང་གི་བྱམས་བརྩེ་སྙིང་ཐག་པ་ནས་སྤྲད་མཁན་དེ་ཚོར་བྱམས་བརྩེ་ཅུང་ཙམ་སྤྲོད། ང་ཚོ་རང་ཉིད་ཀྱང་མི་རིང་བར་ཐུག་རྒྱུའི་རྒས་ཀ་དེ་ཉུང་མཐར་ཡང་ཅུང་ཙམ་གསལ་བར་ཁོང་ཚོར་རོགས་རམ་བྱེད།
གལ༌ཏེ། སུ་ཞིག་གིས་རང་གི་གཉེན་ཉེ་ལ་ལྟ་སྐྱོང་མི་བྱེད་པ༌དང༌། ལྷག་པར་རང་གི་ཁྱིམ་མི་ལའང་ལྟ་སྐྱོང་མི་བྱེད༌ན། མི་དེ་ནི་དད་པ་དང་རིང་དུ་གྱེས༌ཤིང༌། དད་པ་མེད་པའི་མི་ལས་ཀྱང་ངན༌པའོ།།( ཐི་མོ་ཐེ་དང་པོ། 5:8 )
༦. མི་མ་གསོད
འདི་ལ་ཁ་སྣོན་བྱ་རྒྱུ་མང་པོ་མེད། འོན་ཀྱང་ང་ཚོས་ལུས་ཀྱི་ཐད་ཙམ་མ་ཡིན་པར་སེམས་ཀྱི་ཐད་ནས་ཀྱང་མི་གསོད་དགོས། དེའི་ཚབ་ཏུ་ང་ཚོས་རང་གི་ཁྱིམ་མཚེས་དང་། དེ་བཞིན་ང་ཚོའི་ དགྲ་བོ་ལའང་བྱམས་པར་བྱ་དགོས། ཁོང་ཚོར་སྤྲོ་སྣང་སྤྲོད་པ་དང་ལེགས་འགྲུབ་ཡོང་བར་རོགས་རམ་བྱེད་དགོས།
༧. ལོག་གཡེམ་མ་སྤྱོད
འདིར་ང་ཚོས་ཡེ་ཤུ་ཉིད་ཀྱི་གསུང་འདྲེན།
ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ལོག་གཡེམ་མ་བྱེད་ཅེས་ཆོས་གསུངས་ཡོད་པ་ཁྱོད་རྣམས་ཀྱིས་ཐོས་མྱོང་བ་ཡིན༌མོད། འོན༌ཀྱང༌། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། སུ་ཞིག་གིས་འདོད་ཆགས་དང་བཅས་བུད་མེད་ཅིག་ལ་བལྟས༌ན། མི་དེས་སེམས་སུ་ལོག་གཡེམ་བྱས་ཟིན་པ་ཡིན༌ནོ།། གལ་ཏེ་ཁྱོད་ཀྱི་མིག་གཡས་པས་ཁྱོད་ལ་སྡིག་པ་བྱེད་དུ་འཇུག༌ན། མིག་དེ་བཏོན་ནས་དོར༌ཅིག རྒྱུ་མཚན་ནི་ཁྱོད་ཀྱི་ལུས་ཡོངས་དམྱལ་བའི་གནས་སུ་ལྷུང་བ༌ལས། ཁྱོད་ལ་ཡན་ལག་གཅིག་མེད་པར་གྱུར་ཀྱང་ལེགས། ཡང་ཁྱོད་ཀྱི་གཡས་ལག་གིས་ཁྱོད་ལ་སྡིག་པ་བྱེད་དུ་འཇུག༌ན། ལག་པ་དེ་བཅད་ནས་དོར༌ཅིག ཁྱོད་ཀྱི་ལུས་ཧྲིལ་པོ་དམྱལ་བའི་གནས་སུ་ལྷུང་བ༌ལས། ཡན་ལག་གཅིག་མེད་པར་གྱུར་ཀྱང་ལེགས།( མད༌ཐཱ། 5:27-30 )
དེ་བཞིན་བཀའ་འཁྱེར་བ་པའུ་ལོའི་གསུང་ཡང་།
དཀོན་མཆོག་གི་ཐུགས་དགོངས་ནི་ཁྱོད་རྣམས་དམ་པར་འགྱུར་བ་སྟེ། ལོག་གཡེམ་རིང་དུ་སྤང་བ་དེ་ཡིན༌ལ། ཁྱོད་ཅག་གིས་དམ་པ་དང་བཀུར་འོས་པའི་སྒོ་ནས་ཇི་ལྟར་རང་གི་ལུས་པོ་བསྲུང་དགོས་པ་རྟོགས༌ཤིང༌། དཀོན་མཆོག་ངོ་མི་ཤེས་པའི་ཕྱི་ཕྱོགས་པ་རྣམས་བཞིན༌དུ། རང༌གི་འདོད་ངན་བག་ཡངས་སུ་མི་གཏོང་བ་དང༌། མི་སུས་ཀྱང་དོན་དེའི་ཆ་ནས་རང་གི་སྤུན་ཟླར་འགལ་ནས་བསླུ་མི་རུང༌སྟེ། དོན་དེའི་རིགས་ཐམས་ཅད་ལ་གཙོ་བོས་ལན་མཛད་ངེས་པའི་ཕྱིར༌ཡིན་ཞིང་། དེ་ནི་ངེད་རྣམས་ཀྱིས་སྔར་ནས་ཁྱོད་ཅག་ལ་སྨྲས་ཤིང་ནན་ཏན་གྱིས་གདམས་པ་བཞིན༌ནོ།།( ཐེ་སཱ་ལོ་ནེ་ཀེ་པ་དང་པོ། 4:3-6 )
༨. རྐུ་མ་བྱེད
དངོས་པོ་གང་ཡང་མ་རྐུ། གཞན་གྱི་བྱམས་གྲོགས་ཕོ་མོ་མ་འཕྲོག གཞན་གྱི་རང་དབང་གི་ཐོབ་ཐང་དང་། ནམ་མཁའི་འོག་གི་ས་ཆ་མ་འཕྲོག…
ཁྱོད་ཀྱིས་གླ་པའི་ལས་མིའི་གླ་ཕོགས་སྤྲོད་རྒྱུར་འགྱངས་འཇོག་མ་བྱེད།
ཁྱོད་ཀྱི་ཁྱིམ་མཚེས་ལ་བཙན་གནོན་བྱེད་མི་རུང་ལ། འཕྲོག་བཅོམ་ཡང་བྱེད་མི་རུང་། གླ་པའི་གླ་ཆ་ནི་ཞོགས་པའི་བར་དུ་ཁྱོད་ཀྱི་ལག་ནས་ལུས་མི་རུང་།( ལེ་ཝིའི་ཚུལ་ཁྲིམས། 19:13 )
དེ་མ་ཟད་དྲན་པར་གྱིས།
མི་གཙང་ནོར་ལ་ཕན་ཐོགས་ཅི་ཡང༌མེད། །དྲང་བདེན་ཁོ་ནས་འཆི་བ་ཉིད་ལས༌སྐྱོབ།།( ལེགས་བཤད། 10:2 )
རྐུ་བྱེད༌པ། འདོད་རྔམ་བཅངས༌པ། ཆང་གིས་ར་རོར་གྱུར༌པ། ཚིག་ངན་སྨྲ༌བ། མགོ་སྐོར་གཏོང་མཁན་རྣམས་ལ་དཀོན་མཆོག་གི་རྒྱལ་སྲིད་འཐོབ་པར་མི་འགྱུར་རོ།།( ཀོ་རིན་ཐུ་པ་དང་པོ། 6:10 )
༩. ཁྱོད་ཀྱི་ཁྱིམ་མཚེས་ལ་ཁ་གཏད་དུ་རྫུན་གྱི་དཔང་པོ་མ་བྱེད
ཡང་ན་མདོར་བསྡུས་ན། རྫུན་མ་སྨྲ… མི་ཞིག་གིས་ནོར་འཁྲུལ་ཞིག་གསལ་པོར་བྱས་འདུག་སྙམ་དུས། ང་ཚོས་དངོས་སུ་མཐོང་བའམ་ཐོས་པ་ལས་ལྷག་པ་རང་གི་ཁ་ནས་བསྣན་ཏེ། མི་ཞིག་གི་མི་ཚེ་རྡིབ་པར་བྱེད་སྲིད། དཀོན་མཆོག་གིས་དེའི་སྐོར་ང་ཚོར་ཉེན་བརྡ་གནང་།
རྫུན་གྱི་དཔང་པོས་ཁྱིམ་མཚེས་ལ་འཚེ༌མཁན། །ཐོ་བ་རལ་གྲི་རྣོན་པོ་མདའ་དང༌འདྲ།།( ལེགས་བཤད། 25:18 )
རྫུན་གྱི་དཔང་པོར་ཉེས་ཆད་འཕོག་པར༌འགྱུར། །རྫུན་གཏམ་སྨྲ་བ་མཐའ་མཇུག་མེད་པར༌འགྱུར།།( ལེགས་བཤད། 19:9 )
དེའི༌ཕྱིར། བདག་ཅག་ནི་ཕན་ཚུན་གྱི་ཡན་ལག་ཡིན༌པས། ཁྱོད་ཅག་གིས་རྫུན་གཏམ་སྤངས་ནས་མི་རེ་རེས་རང་གི་ཁྱིམ་མཚེས་ལ་བདེན་གཏམ་སྨྲ་བར་གྱིས།( ཨེ་ཕེ་སི་པ། 4:25 )
ཡང་འདི་སྐད་དུ། ཁྱོད་རྣམས་ཀྱིས་རྫུན་གཏམ་བསྒྲག་པར་མི་བྱའོ། །མི་ངན་དང་ཁ་མཐུན་ཏེ་རྫུན་གྱི་བདེན་དཔང་མ་བྱེད་ཅིག( ཨེ་ཅིབ་ནས་ཐོན་པ། 23:1 )
༡༠. ཁྱོད་ཀྱི་ཁྱིམ་མཚེས་ལ་རང་ཉིད་ལྟར་བྱམས་པར་གྱིས
གན་རྒྱ་རྙིང་པ་ནས་ང་ཚོས་བཀའ་ཁྲིམས་འདིའི་ལྟ་བ་སླ་པོ་ཞིག་མཐོང་།
གཞན་གྱི་ཁང་པ་ལ་འདོད་ཧམ་མ་བཅང་། གཞན་གྱི་ཆུང་མ་དང་། གཡོག་པོ་དང་། གཡོག་མོ་དང་། བ་གླང་དང་། བོང་བུ་དང་། དེ་ལྟར་མི་གཞན་གྱི་ཡིན་ཚད་གང་ལའང་ཧམ་པ་བཅང་མི་རུང་ཞེས་གསུངས་སོ། །( ཨེ་ཅིབ་ནས་ཐོན་པ། 20:17 )
འཁོན་ལན་སློག་མི་རུང་ལ། ཁྱོད་རང་གི་མི་རྣམས་ལ་འཁང་ར་ཡང་བྱེད་མི་རུང་ཞིང་། ཁྱོད་ཀྱིས་ཁྱིམ་མཚེས་ལའང་རང་དང་འདྲ་བར་གཅེས་ཤིག བདག་ནི་ཡ་ཝཱེ་ཡིན་ནོ། །( ལེ་ཝིའི་ཚུལ་ཁྲིམས། 19:18 )
འོན་ཀྱང་ང་ཚོས་ཡེ་ཤུ་ལས་ཤེས་ཟིན་པ་ལྟར། བཀའ་ཁྲིམས་འདི་ནི་ཁྲིམས་ཀྱི་རྨང་གཞི་ཡིན་ལ། པའུ་ལོས་ཀྱང་དེ་དྲན་སྐུལ་གནང་།
རྒྱུ་མཚན་ནི་བཀའ་ཁྲིམས་ཐམས་ཅད་ཀྱི་ནང་དོན་གཅིག་ཏུ་བསྡུས་ན་འདི་ལྟ༌སྟེ། ཁྱོད་ཀྱིས་ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་ཤིག་ཅེས་གསུངས་པ་འདི་ཡིན་པའི་ཕྱིར༌རོ།།( ག་ལད་ཡཱ་པ། 5:14 )
བཀའ་ཁྲིམས་འདིའི་གལ་གནད་ཇི་ཙམ་བཤད་ཀྱང་ཆེས་ཆེར་བཤད་པ་མི་འགྱུར། དུས་མཚུངས་སུ་དེ་བསྒྲུབ་པའང་དཀའ། ང་ཚོས་མཐའ་འཁོར་གྱི་མི་རྣམས་ལ་དོ་སྣང་བྱེད། རོགས་རམ་དགོས་མཁན་རྣམས་ལས་ཁ་ཕྱིར་མ་བསྐོར། དཀའ་ངལ་ཅན་གྱི་མི་ལ་རོགས་རམ་བྱེད་ཐུབ་པ་ནི་བྱིན་རླབས་ཤིག་ཡིན།
འཇིག་རྟེན་འདིའི་ནོར་རྫས་ལ་བལྟ་བ་ནི་ང་ཚོར་རང་བཞིན་གྱིས་ཡོད། འཇིག་རྟེན་འདིའི་གསར་འགྱུར་ནི་ལེགས་འགྲུབ་ཅན་དང་ཕྱུག་པོའི་མི། མ་རྐང་ཤོག་འཛིན་དང་ཁྲོམ་རའི་སྟེང་དུ་གཏད་ཡོད… དེ་དག་གི་རྗེས་སུ་འབྲང་བས་ང་ཚོར་སེམས་ཁྲལ་དང་། ཕྲག་དོག བཟོད་མེད་བཅས་སྐྱེ་ཞིང་། ང་ཚོ་ནང་ནས་སྐམ་པོར་གཏོང་། ང་ཚོའི་ཁྱིམ་མཚེས་རྣམས་དེར་མེད། ང་ཚོའི་ཁྱིམ་མཚེས་རྣམས་གསར་འགྱུར་ནང་མེད། ཁོང་ཚོ་ནི་རྒྱུན་དུ་རང་ལ་ཐོབ་པའི་ཟས་ལ་དངོས་གནས་དྲིན་དུ་གཟོ་མཁན་གྱི་དབུལ་པོ་དེ་ཚོ་ཡིན། གང་ལགས་ཤེ་ན། ཁོང་ཚོར་ཟས་མང་པོ་མི་ཐོབ། ཁོང་ཚོས་འཆི་ཁར་ཐུག་པའི་རང་གི་བུ་ཕྲུག་གི་ཚེ་ལ་ཉིན་གཅིག་སྣོན་པར་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ། ཁོང་ཚོས་གྲོགས་པོ་གསར་པ་ཞིག་ཐོབ་ན་དཀོན་མཆོག་ལ་བསྟོད་པ་འབུལ། གང་ལགས་ཤེ་ན། མི་རྣམས་ཀྱིས་རྒྱུན་དུ་ཁོང་ཚོ་ལས་ཡོལ་ཏེ་བསྡད། ཁོང་ཚོ་སྤྲོ་སྣང་གི་ཚིག་གཅིག་ཙམ་གྱིས་དགའ། གང་ལགས་ཤེ་ན། ཁོང་ཚོ་ལས་ཁ་ཤས་ཡོད་སའི་བཙོན་ཁང་ནང་དེ་ལྟ་བུ་མང་པོ་མི་ཐོབ། གང་ལགས་ཤེ་ན། ང་ཚོའི་དཀོན་མཆོག་ནི་མི་འདི་ཚོ་དང་། དེ་བཞིན་རང་གི་མཐའ་འཁོར་གྱི་མི་རྣམས་ལ་དོ་སྣང་བྱེད་མཁན་རྣམས་དང་མཉམ་དུ་བཞུགས།
དབུལ་པོ་དྲིན་གྱིས་སྐྱོང་བ༌ནི། །ཡ་ཝཱེར་བུ་ལོན་གཏོང་བ༌ཡིན། །དེ་ཡིས་ཅི་བྱས་ཡ་ཝཱེས༌ཚབ།།( ལེགས་བཤད། 19:17 )
དཀའ་ངལ་ཅན་གྱི་ཁྱིམ་མཚེས་ལ་རོགས་རམ་བྱེད་པ་དེས་ང་ཚོའི་ནང་གི་སྟོང་པ་ཁེངས་པར་བྱེད། དེས་ང་ཚོ་དཀོན་མཆོག་དང་ཇེ་ཉེ་རུ་གཏོང་།
ང་ཚོས་མཐའ་འཁོར་ལ་ལྟ། ང་ཚོས་ལས་རོགས་དང་། ཁྱིམ་ཚང་གི་མི་སྣ། ང་ཚོའི་ཁྱིམ་མཚེས། ལམ་ཁར་ཡོད་པའི་དབུལ་པོ་རྣམས་མཐོང་ངེས། གལ་ཏེ་ང་ཚོས་མཐའ་འཁོར་གྱི་མི་འདི་དག་ལ་རོགས་རམ་བྱས་ན། ང་ཚོས་དཀོན་མཆོག་ལ་རོགས་རམ་བྱེད་པ་ཡིན།
རྒྱུ་མཚན་ནི་ང་རང་བཀྲེས་ཤིང་སྐོམ་པའི་དུས༌སུ། ཁྱོད་ཅག་གིས་བདག་ལ་བཟའ་བཏུང་སྤྲད་པ༌དང༌། ང་རང་ཕྱི་མི་ཡིན༌དུས། ཁྱོད་ཅག་གིས་བདག་ལ་སྣེ་ལེན་བགྱིས་པ༌ཡིན། ང་རང་ལུས་གཅེར་བུ་ཡིན༌དུས། ཁྱོད་ཅག་གིས་བདག་ལ་གོས་བསྐོན༌ཞིང༌། བདག་ལ་ན་ཚ་བྱུང༌དུས། ཁྱོད་ཅག་གིས་བདག་སྙོར་སྐྱོང་བྱས་པ༌ཡིན། ང་རང་བཙོན་དུ་ཡོད༌དུས། ཁྱོད་ཅག་བདག་ལ་བལྟ་རུ་ཡོང་ངོ་ཞེས་གསུང་བར༌འགྱུར། དེ་ནས་མི་གཞུང་དྲང་རྣམས་ན༌རེ། གཙོ་བོ༌ལགས། ངེད་ཅག་གིས་དུས་ནམ་ཞིག་ལ་ཁྱེད་ཀྱིས་བཀྲེས་སྐོམ་མྱངས་པ་མཐོང་ནས་བཟའ་བཏུང་བྱིན་མྱོང༌ངམ། དུས་ནམ་ཞིག་ལ་ཁྱེད་རང་ཕྱི་མི་ཡིན་པ་མཐོང་ནས་སྣེ་ལེན་བགྱིས་མྱོང༌ངམ། ཁྱེད་རང་ལུས་གཅེར་བུ་ཡིན་པ་མཐོང་ནས་ལུས་ལ་གོས་བསྐོན་མྱོང༌ངམ། དུས་ནམ་ཞིག་ཁྱེད་ལ་ན་ཚ་བྱུང་བའམ་བཙོན་དུ་ཡོད་པ་མཐོང་སྟེ་ཁྱེད་ལ་བལྟ་རུ་ཡོང་ངམ་ཞེས་སྨྲ་བར༌འགྱུར། ཡང་རྒྱལ་པོས་འདི་སྐད༌དུ། བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། ཁྱོད་ཅག་གིས་བདག་གི་སྤུན་ཟླ་རྣམས་ལས་ཆེས་ཆུང་བ་ཞིག་ལ་དེ་ལྟར་བྱས༌ན། དོན་དམ་དུ་བདག་ལ་བྱས་པ་ཡིན་ཞེས་གསུང་བར་འགྱུར༌རོ།།( མད༌ཐཱ། 25:35-40 )
དེའི༌ཕྱིར། དོན་གང་དང་གང༌ལའང༌། ཁྱོད་ཅག་ལ་མི་གཞན་ལས་ཇི་ལྟར་འཐོབ་འདོད༌ན། ཁྱོད་ཅག་གིས་ཀྱང་མི་གཞན་ལ་དེ་ལྟར༌བྱོས། དེ་ནི་བཀའ་ཁྲིམས་དང་ལུང་སྟོན་པའི་མདོ་རྣམས་ཀྱི་ནང་དོན་མདོར་བསྡུས་ཡིན་ཞེས་གསུངས༌སོ།།( མད༌ཐཱ། 7:12 )
ཡང་ཁོང་གིས་འདི་སྐད༌དུ། ངས་ཁྱོད་ཅག་ཉན་མཁན་རྣམས་ལ༌སྨྲ་བར་བྱ་སྟེ། ཁྱོད་ཅག་གིས་རང་གི་དགྲ་བོ་རྣམས་ལ་བྱམས་ཤིང་བརྩེ་བར༌གྱིས། ཁྱོད་ཅག་ལ་སྡང་མཁན་རྣམས་ལའང་ལས་བཟང་པོ་བྱོས༌དང༌།( ལོ་ཀུ 6:27 )
འདི་དག་ནི་བཀའ་ཁྲིམས་བཅུ་སྟེ། དཀོན་མཆོག་གིས་དུས་ཡུན་རིང་པོའི་སྔོན་ལ་ང་ཚོར་གནང་བའི་ལམ་སྟོན་སླ་པོ་བཅུ་ཡིན། དེ་དག་ནི་ང་ཚོ་ལ་བྱམས་ཤིང་ཐུགས་ཁུར་གནང་མཁན་གྱིས་ང་ཚོར་གནང་བ་ཡིན། བཀའ་ཁྲིམས་བཅུ་ནི་ང་ཚོས་ད་ལྟ་ནས་རྗེས་སུ་འབྲང་འགོ་འཛུགས་པ་དང་། ཁྲིམས་ཀྱི་དོན་སྙིང་ངོ་མ་དང་སྡིག་མེད་ཀྱི་འཚོ་བ་ང་ཚོར་བསྟན་མཁན་མ་ཤི་ཀ་ནི་སུ་ཡིན་པ་ཟབ་ཏུ་གོ་བའི་འགོ་འཛུགས་ཡག་པོ་ཞིག་ཡིན།
ང་ཚོས་ཡེ་ཤུ་མ་ཤི་ཀའི་སྐུ་ཚེ་དང་། གྲོངས་པ། སླར་གསོན་པ། འཛམ་གླིང་སྟེང་གི་མཛད་རྣམ་བཀོད་པའི་དམ་པའི་གསུང་རབ་ཀྱི་འཕྲིན་བཟང་ཀློག་པར་ནན་ཏན་གྱིས་འོས་སྦྱོར་ཞུ།
དེ་མ་ཟད་འོག་ཏུ་གན་རྒྱ་རྙིང་པ་དང་གསར་པ་གཉིས་ཀ་ནས་ང་ཚོའི་འཚོ་བ་ཇེ་ལེགས་སུ་སྒྲིག་པར་རོགས་པ་ཐེབས་པའི་ལུང་འགའ་ཡོད།
སུ་ཞིག་སྐྱབས་མགོན་མཱ་ཤི་ཀའི་གསུངས་པའི་ཆོས་དང་རིང་དུ་གྱེས་ཤིང་། དེའི་ནང་དུ་མི་གནས་པ་ནི་དཀོན་མཆོག་དང་འབྲེལ་བ་མེད། ཁོང་གི་གསུངས་པའི་ཆོས་ཀྱི་ནང་དུ་གནས་པ་ནི་དཀོན་མཆོག་ཡབ་སྲས་གཉིས་ལ་འབྲེལ་བ་མཆིས།( ཡོ་ཧ་ནན་གཉིས་པ། 1:9 )
ཁྱོད་རྣམས་ནི་བཀའ་བརྩི་བའི་བུ་ཕྲུག་ཡིན་པ་བཞིན། སྔོན་ཆད་རྨོངས་པའི་དུས་ཀྱི་འདོད་ཆགས་བཞིན་དུ་མ་བྱེད༌ཅིག དེ་ལས་ལྡོག་སྟེ་ཁྱོད་ཅག་ལ་ཞལ་འབོད་གནང་མཁན་ནི་དམ་པ་ཡིན་པ་བཞིན། ཁྱོད་རྣམས་ཀྱང་སྤྱོད་ལམ་ཀུན་ནས་དམ་པ་ཡིན་དགོས༌ཏེ།( པེ་ཏྲོ་དང་པོ། 1:14-15 )
ཡང་ངེད་ཅག་གིས་དེ་སྔར་ཁྱོད་རྣམས་ལ་ཁ་བསྒོ་བཏང་བ༌བཞིན། ཁྱོད་ཅག་ནི་ཞི་ཞིང་དུལ་བའི་མི་ཞིག་བྱེད་པ༌དང༌། རང་དོན་བསྒྲུབ་ཅིང་རང་གི་ལག་པར་བརྟེན་ནས་ལས་བྱེད་པར་བརྩོན་དགོས། དེ་ནི་ཁྱོད་ཅག་གིས་ཕྱི་མི་རྣམས་ལ་སྤྱོད་ལམ་བཟང་པོ་སྟོན་པ༌དང༌། རང་ཉིད་ལ་མི་འདང་ས་ཅི་ཡང་ཡོད་པར་མི་འགྱུར་བའི་ཕྱིར༌རོ།།( ཐེ་སཱ་ལོ་ནེ་ཀེ་པ་དང་པོ། 4:11-12 )
བྱ་བ་ཆེས་དཀའ་བ་ཞིག་ནི་ང་ཚོའི་ནོར་རྫས་དངོས་གནས་ཅིའི་ཆེད་དུ་ཡིན་པ་གོ་བ་དེ་ཡིན…
མི་རྣམས་ཀྱིས་ངལ་རྩོལ་བྱས་ནས་ཐོབ་པ་དག་མེས་བསྲེག་པ་དང་། ཡུལ་ཁམས་ཀུན་གྱིས་དཀའ་བ་སྤྱད་དེ་ཐོབ་པ་དག་ནི་སྟོང་བར་འགྱུར་ལ། དོན་འདི་ཐམས་ཅད་ནི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལས་བྱུང་བ་མ་ཡིན་ནམ། ཆུ་བོ་རྣམས་ཀྱིས་ཇི་ལྟར་རྒྱ་མཚོ་བཀང་བ་བཞིན་དུ། དཀོན་མཆོག་ཡ་ཝཱེའི་གཟི་བརྗིད་རྟོགས་པའི་ཤེས་ཡོན་ནི་ས་གཞི་ཡོངས་སུ་ཁྱབ་པར་འགྱུར།( ཧ་བཱ་ཁུག 2:13-14 )
རྒྱུ་མཚན་ནི་བདག་ཅག་གིས་འཇིག་རྟེན་འདིར་ཅི་ཡང་ཁྱེར་མ་འོངས༌ལ། འཇིག་རྟེན་ནས་ཀྱང་ཅི་ཡང་འཁྱེར་མི་ནུས་པའི་ཕྱིར༌རོ།། དེ་བས་ཁ་ལ་ཟས་དང་རྒྱབ་ལ་གོས་ཡོད་ན་ཡིད་ཚིམ་དགོས་སོ།། འོན་ཀྱང༌། ཕྱུག་པོར་འགྱུར་འདོད་པ་རྣམས་ནི་ཉམས་ཚོད་དང་རྙི་རྒྱ་རུ་ཚུད༌པ་དང༌། བླུན་ཞིང་རྨོངས་པ་དང་གནོད་པ་ཆེ་བའི་འདོད་རྔམ་སྣ་ཚོགས་ཀྱི་ནང་དུ་ལྷུང་སྟེ་རང་ཉིད་བརླག་ཅིང་འཇིག་པར་འགྱུར་རོ།། ཅིའི་ཕྱིར་ཞེ་ན། རྒྱུ་ནོར་ལ་རྔམ་པ་ནི་ལས་ངན་པ་སྣ་ཚོགས་ཀྱི་འབྱུང་རྩ་ཡིན༌ལ། མི་ཁ་ཤས་རྒྱུ་ནོར་ལ་ཞེན་ཆགས་ཏེ་དད་པ་དང་ཁ་བྲལ་ནས་རང་གིས་རང་ཉིད་སྡུག་བསྔལ་མང་པོས་བརྟོལ་བར་བྱེད་པའི་ཕྱིར་རོ།།( ཐི་མོ་ཐེ་དང་པོ། 6:7-10 )
དམའ་འཛིན་བྱོས། རང་ཉིད་མཐོ་བར་མ་བསམ།
རྒྱལ་པོའི་དྲུང་དུ་རང་རློམ་བྱེད་མི༌རུང༌། །མི་ཆེན་ཁྲོད་དུ་རང་དགར་འགྲེང་མི༌རུང༌།། ཁྱོད་ཀྱིས་དངོས་སུ་མཐོང་བ༌ཡི། །སྐུ་དྲག་མདུན་དུ་འབེབས་པ༌ལས། །གྲལ་མགོར་ཕེབས་ཤོག་ཟེར་ན༌ལེགས།།( ལེགས་བཤད། 25:6-7 )
སྦྲང་རྩི་ཚད་མེད་སྤྱད་ན་མི་ལེགས༌ཤིང༌། །རང་ལ་བཀུར་སྟི་འཚོལ་བ་དེ་བཞིན༌ཡིན།།( ལེགས་བཤད། 25:27 )
ཀྱེ་མིའི་བུ། རྒུན་འབྲུམ་ཤིང་གི་ཤིང་ཆ་ནི་ནགས་ཚལ་གྱི་ཡལ་ག་ལས་ཅི་ལྟར་བརྒལ་ལམ། མི་ཡིས་རྒུན་འབྲུམ་ཤིང་ལས་ཤིང་ཆ་བླངས་ཏེ་དངོས་པོ་བཟོ་ཐུབ་བམ། ཡང་ན་རྒུན་འབྲུམ་ཤིང་ལས་ཤིང་ཆ་བླངས་ཏེ་འཛེར་མ་བཟོས་ནས་སྣོད་འགེལ་ཐུབ་བམ། ལྟོས་དང་། དེ་ནི་འབུད་ཤིང་བྱས་ནས་མེའི་ནང་ལ་གཡུགས་པ་སྟེ། མེ་ཡིས་དེའི་མགོ་མཇུག་གཉིས་པོ་ཚིག་པར་མ་ཟད་གཞུང་ཡང་ཚིག་པས། དེ་ལས་ད་དུང་དངོས་པོ་བཟོ་ནུས་སམ། ལྟོས་དང་། དེ་ཆ་ཚང་ཡིན་དུས་སུའང་དངོས་པོ་གང་ཞིག་ཀྱང་བཟོ་མི་ཐུབ་ན། མེར་བསྲེགས་ནས་ཚིག་པར་གྱུར་ཚེ་དེས་དངོས་པོ་ཅི་ཞིག་བཟོ་ཐུབ་བམ་ཞེས་གསུངས་སོ། །( ཨེ་ཟེ་ཀི་ཨེལ། 15:2-5 )
འོན༌ཀྱང༌། དཀོན་མཆོག་གིས་བདག་ཅག་ལ་དེ་ལས་ལྷག་པའི་ཐུགས་རྗེ་ཆེན་པོ་གནང༌བས། ཇི་སྐད༌དུ། དཀོན་མཆོག་ཉིད་ཀྱིས་ང་རྒྱལ་ཅན་ལ༌རྒོལ།། ཁེངས་སྐྱུང་མི་ལ་ཁོང་གིས་ཐུགས་རྗེ༌གནང༌། །ཞེས་གསུངས༌པའོ།། དེའི༌ཕྱིར། ཁྱོད་ཅག་གིས་དཀོན་མཆོག་ལ་བསྟུན་དགོས་སོ།། བདུད་ལ་རྒོལ་བར་གྱིས༌དང༌། བདུད་ནི་ཁྱོད་ཅག་དང་བྲལ་ནས་འབྲོ་བར༌ངེས། ཁྱོད་རྣམས་དཀོན་མཆོག་དང་ཉེ་བར་གཅོར་ཅིག ཁོང་ཡང་ཁྱོད་རྣམས་དང་ཉེ་བར་གཅར་ངེས་ཡིན། སྡིག་ཅན་ཁྱོད་ཅག་གིས་རང་གི་ལག་པ་གཙང་མར་ཁྲུས༌དང༌། བློ་གཉིས་འགལ་ཅན་ཁྱོད་རྣམས་ཀྱིས་རང་གི་སེམས་གཙང་མར་ཁྲུས༌ཤིག( ཡ་ཀོབ། 4:6-8 )
ཡང་ངེད་ཅག་གིས་སྤུན་ཟླ་ཁྱོད་རྣམས་ལ་བསྐུལ་བར་བྱ༌སྟེ། འགྲིག་ལམ་མི་བརྩི་བ་དག་ལ་གདམས་པ་དང་། རེ་ཐག་ཆད་པ་རྣམས་ལ་སེམས་གསོ་བྱེད༌པ། གཉོམ་ཆུང་རྣམས་ལ་རོགས་རམ་དང་མི་ཐམས་ཅད་ལ་བཟོད་པ་བསྒོམ་དགོས་སོ།། ཡང་ཁྱོད་ཅག་གིས་གཟབ་ནན་གྱིས༌ཏེ། མི་སུས་ཀྱང་ངན་ལན་ངན་འཇལ་བྱེད་མི་རུང༌ཞིང༌། ཁྱོད་ཅག་ཕན་ཚུན་བར༌དུའམ། ཡང་ན་རྟག་ཏུ་མི་གཞན་ཐམས་ཅད་ལ་ལས་བཟང་པོ་སྒྲུབ་པར་བརྩོན་དགོས༌སོ།། དོན་གང་ལ་ཕྲད་ནའང་བཀའ་དྲིན་ཞུ་དགོས། ཅིའི་ཕྱིར་ཞེ་ན། དེ་ནི་དཀོན་མཆོག་གིས་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཁྱོད་རྣམས་ལ་མཛད་པའི་ཐུགས་དགོངས་ཡིན་པའི་ཕྱིར༌རོ།།( ཐེ་སཱ་ལོ་ནེ་ཀེ་པ་དང་པོ། 5:14,15,18 )
སྤུན་ཟླ༌རྣམས། ཁྱོད་ཅག་ལས་བཟང་པོ་སྒྲུབ་པར་ཡིད་ཕམ་པར་མི་བྱའོ།།( ཐེ་སཱ་ལོ་ནེ་ཀེ་པ་གཉིས་པ། 3:13 )
ཡ་ཝཱེ་སྡང་བའི་དོན་དྲུག༌དང༌། །དེའི་ཁར་ཐུགས་ནས་ཞེན་ལོག༌པའི། །དོན་ནི་བསྡོམས་པས་བདུན་ཡོད༌དེ།། ཁེངས་དྲེགས་ཅན་གྱི་མིག་ཟུང༌དང༌། །རྫུན་གཏམ་སྨྲ་བའི་ལྕེ་དང༌ནི། །ཉེས་མེད་བསད་པའི་ལག་པ༌དང༌།། དོན་ངན་ཇུས་འགོད་བྱེད་པའི༌སེམས། །ངན་པར་བྲེལ་བའི་རྐང་པ༌དང༌།། རྫུན་གཏམ་སྨྲ་བའི་རྫུན་དཔང༌དང༌། །སྤུན་གྱི་ཁྲོད་དུ་རྩོད་པ༌ཡི། །ས་བོན་འདེབས་མཁན་བཅས་ཡིན༌ནོ།།( ལེགས་བཤད། 6:16-19 )
ཁྱོད་ཀྱི་མིག་ཟུང་ནི་ལུས་ཀྱི་སྒྲོན་མེ་ཡིན༌ཏེ། མིག་ཟུང་གསལ་པོ་ཡིན་ན་ལུས་པོ་ཡོངས་རྫོགས་འོད་དང་ལྡན་པར༌འགྱུར།( མད༌ཐཱ། 6:22 )
ཅིའི་ཕྱིར་ཞེ་ན། ཕྱིས་སུ་མི་རྣམས་ཀྱིས་ཡང་དག་པའི་བསྟན་པ་ལ་སུན་སྣང་སྐྱེས་ཤིང་། རྣ་བར་ཟ་འཕྲུག་ལངས་པ་ལྟར་རང་རང་གི་འདོད་པ་བཞིན་དགེ་རྒན་གཞན་དག་བསྡུས༌ཏེ།( ཐི་མོ་ཐེ་གཉིས་པ། 4:3 )
འོན༌ཀྱང༌། བླུན་ཞིང་རྨོངས་པའི་རྩོད་གླེང༌དང༌། ཁྱིམ༌རྒྱུད་ཀྱི་སྟོང་བཤད། འཁྲུག༌རྩོད། བཀའ་ཁྲིམས་སྐོར་གྱི་རྩོད་པ་བཅས་ལ་སྙིང་པོ་མེད་ཅིང་ཕན་ཐོགས་ཅི་ཡང་མེད་པས་དེ་དག་ལས་གཡོལ་བར༌གྱིས།( ཐེ་ཏུ། 3:9 )
དཀོན་མཆོག་གི་ཐུགས་དགོངས་བཟང་པོ༌དང༌། ཡིད་དུ་འོང༌བ། ཕུན་སུམ་ཚོགས་པ་བཅས་རྟོགས་པའི༌ཕྱིར། འཇིག་རྟེན་འདིའི་ལུགས་བཞིན་མི་བྱེད་པར། སེམས་གསར་པར་བསྒྱུར་པ་ལ་བརྟེན་ནས་གཤིས་སྤྱོད་ཀྱང་སྒྱུར་ཅིག( རོ་མཱ་པ། 12:2 )
རྒྱུ་མཚན་འདིའི་དབང༌གིས། ཁྱོད་རྣམས་ཀྱིས་ལྷག་ཏུ་བརྩོན་པ་བྱེད་དགོས༌ཏེ། དད་སེམས་ལྡན་པའི་ཁར་ད་དུང་སྤྱོད་བཟང་ཡོད་དགོས༌ལ། སྤྱོད་བཟང་ལྡན་པའི་ཁར་ད་དུང་ཤེས་ཡོན་ཡོད༌དགོས། ཤེས་ཡོན་ལྡན་པའི་ཁར་ད་དུང་རང་ཚོད་ཟིན་དགོས་ལ། རང་ཚོད་ཟིན་པའི་ཁར་ད་དུང་སྙིང་རུས་ཡོད༌དགོས། སྙིང་རུས་ལྡན་པའི་ཁར་ད་དུང་དད་གུས་ཡོད༌དགོས་ལ། དད་གུས་ལྡན་པའི་ཁར་ད་དུང་སྤུན་ཟླར་གཅེས་སེམས་ཡོད་དགོས། སྤུན་ཟླར་གཅེས་སེམས་ཡོད་པའི་ཁར་ད་དུང་མི་ཐམས་ཅད་ལ་གཅེས་སེམས་ཡོད་དགོས༌པའོ།།( པེ་ཏྲོ་གཉིས་པ། 1:5-7 )
འཇིག་རྟེན་འདི་དང་འཇིག་རྟེན་གྱི་དངོས་པོ་ཀུན་ལ་ཞེན་ཆགས༌པར་མི་བྱའོ། །གལ་ཏེ། མི་སུ་ཞིག་འཇིག་རྟེན་ལ་ཞེན་ཆགས་པར་གྱུར་ན། མི་དེའི་སེམས་སུ་ཡབ་ལ་གཅེས་པའི་སེམས་ནི་ཡོད་པ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་དོན་ཐམས་ཅད་དེ། ཤ་གཟུགས་ཀྱི་འདོད་ཆགས་དང་། མིག་གི་འདོད༌ཆགས། ཚེ་འདིའི་ང་རྒྱལ་བཅས་ནི་ཡབ་ནས་བྱུང་བ་མ་ཡིན་པར་འཇིག་རྟེན་ནས་བྱུང་བའི་ཕྱིར་རོ།། འཇིག་རྟེན་འདི་དང་འཇིག་རྟེན་གྱི་འདོད་ཆགས་ཐམས་ཅད་འཇིག་པར་འགྱུར༌མོད། འོན་ཀྱང་དཀོན་མཆོག་གི་ཐུགས་དགོངས་བཞིན་སྒྲུབ་མཁན་ནི་གཏན་དུ་གནས་པར་འགྱུར་རོ།།( ཡོ་ཧ་ནན་དང་པོ། 2:15-17 )
དེ་མ་ཟད་དྲན་པར་གྱིས། ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱང་། སེམས་སུ་དཀོན་མཆོག་བཞག་ནས་བྱོས།
༼ཡར་གནས་མཇལ་དུ་འགྲོ་བའི་སོ་ལོ་མོན་གྱི་མགུར༌མ།༽ ཁང་པ་ཡ་ཝཱེས་བརྩིག་པར་མི་མཛད༌ན། །རྩིག་མཁན་རྣམས་ཀྱིས་དོན་མེད་ལས་ཀ༌བྱེད། །མཁར་གྲོང་ཡ་ཝཱེས་བསྲུང་བར་མི་མཛད༌ན། །སྲུང་མཁན་མེལ་ཚེ་བྱེད་པ་དོན་མེད༌ཡིན།། སྔ་མོ་ལངས་ཤིང་ངལ་གསོ་འཕྱི་བ༌དང༌། །དཀའ་ལས་ཟས་ནི་ཟ་བ་དོན་མེད༌ཡིན། །ཁོང་གིས་བརྩེ་བ་རྣམས་ལ་གཉིད་གནང༌ངོ༌།།( གསུང༌མགུར། 127:1-2 )