ནང་དོན་གཙོ་བོའི་སྟེང་དུ་སྐྱོད་པ

ང་རྒྱལ་གྱི་ནུས་པ་དང་དད་པ་ངོ་མ།

Tutankhamun statue in Egypt

མི་རྣམས་རང་བཞིན་གྱིས་གཞན་གྱིས་གུས་བཀུར་དང་རིན་ཐང་ལྡན་པར་མཐོང་བ་འདོད་ལ། དེ་ནི་ཁོང་ཚོའི་རང་གཅེས་ཀྱི་རྨང་གཞི་ཡིན། ང་རྒྱལ་ནི་མི་རྣམས་ཀྱིས་ཚེ་སྲོག་ནང་གྲུབ་འབྲས་དང་ཕན་ཐོགས་བྱས་པ་རྣམས་སྟོན་འདོད་པར་བྱེད་པའི་ཚོར་བ་རྒྱུན་མཐོང་ཞིག་ཡིན། དེར་བརྟེན་དཀོན་མཆོག་གི་གསུང་རབ་ནང་«ང་རྒྱལ»ཞེས་པའི་ཚིག་ཐེངས་མང་པོ་ཐོན་པ་ནི་ངོ་མཚར་བ་ཞིག་མིན། ང་ཚོས་རྒྱུན་དུ་དེ་ལྟ་བུའི་ལུང་རྣམས་དོ་སྣང་མི་བྱེད་པར། དེའི་དོན་ང་ཚོར་འབྲེལ་བ་མེད་པ་ལྟར་བསམ་ནས་ཕྱོགས་གཅིག་ཏུ་བཞག་གི་ཡོད། འོན་ཀྱང་ང་ཚོས་དེར་ཞིབ་ཏུ་ལྟ་རྟོག་བྱེད།

རང་ཆེ་བྱས་ནས་གླེན་རྟགས་བསྟན་པ༌འམ། །སེམས་ངན་བསྐྱེད་ན་རང་ཁ་ལག་པས༌ཁོབ།།
( ལེགས་བཤད། 30:32 )
ཅིའི་ཕྱིར་ཞེ་ན། ཁོང་གིས་ང་རྒྱལ་ཅན་མར་འབེབ་ཅིང་། མཐོ་སར་ཡོད་པའི་གྲོང་ཁྱེར་རྣམས་ཉམས་པར་མཛད་དེ་བཤིག་པ་དང་། ས་རུ་གཏོར་ནས་རྡུལ་དུ་བརླག
( ཡེ་ཤ་ཡཱ། 26:5 )
མི་རྣམས་རང་གི་ངན་པའི་ལས་ནས་བཟློག་པ་དང་། ། ཁོ་རྣམས་ང་རྒྱལ་ལས་དང་འབྲལ་དུ་འཇུག་པ་དང་། །
( ཨེས་ཡོབ། 33:17 )

ཉིན་རེའི་འཚོ་བའི་ནང་ང་ཚོས་ང་རྒྱལ་རིགས་གཉིས་དབྱེ་འབྱེད་བྱེད་ཀྱི་ཡོད། གཅིག་ནི་ལྟ་ཕྱོགས་ནག་པོ་ཅན་ཏེ། «མི་དེ་ང་རྒྱལ་ཆེ་དྲགས་ནས་རོགས་རམ་བྱེད་མ་འདོད»ལྟ་བུའི་ཚིག་ནང་མངོན། གཅིག་ཤོས་ནི་ལྟ་ཕྱོགས་ཡག་པོ་ཅན་ཏེ། «ཡག་པོ་བྱུང་། ཁྱེད་རང་ལ་ང་སྤོབས་པ་ཧ་ཅང་སྐྱེས་བྱུང་།»ལྟ་བུའི་ཚིག་ནང་མངོན། ཕྱི་མ་དེ་ཁྱིམ་ཚང་གི་འཚོ་བའི་ནང་ཁྱབ་ཆེ་བ་ཡིན་ཏེ། ཕ་མས་བུ་ཕྲུག་རྣམས་བརྩོན་ལེན་དང་ཡར་རྒྱས། དེ་བཞིན་གུས་བཀུར་ལྡན་པའི་མི་ཞིག་ཏུ་འཚར་ལོངས་ཡོང་བར་སྐུལ་མ་གཏོང་ཐབས་བྱེད། ང་ཚོས་བསྔགས་བརྗོད་བྱས་ཀྱང་རུང་སྨད་ཚིག་བཤད་ཀྱང་རུང་། ང་རྒྱལ་རིགས་གཉིས་ཀར་རྨང་གཞི་གཅིག་མཚུངས་ཡོད། ང་རྒྱལ་གྱི་ངེས་ཚིག་རྒྱུན་མཐོང་ཤོས་རྣམས་ལ་ལྟ་རྟོག་བྱེད།

  1. རང་ཉིད་ཀྱི་གྲུབ་འབྲས་དང་། རང་དང་འབྲེལ་བ་དམ་པོ་ཡོད་པའི་མི་རྣམས་ཀྱི་གྲུབ་འབྲས། ཡང་ན་མི་མང་པོས་ངོ་མཚར་དུ་འཛིན་པའི་ཡོན་ཏན་ནམ་ནོར་རྫས་ལས་བྱུང་བའི་དགའ་བ་ཟབ་མོ་འམ་ཚིམ་པའི་ཚོར་བ།
  2. རང་ཉིད་ཀྱི་གཟི་བརྗིད་ལ་ཤེས་རྟོགས་ཡོད་པ།

གོང་གི་ངེས་ཚིག་གཉིས་ཀར་རང་ཉིད་ལྟེ་བར་འཛིན་པའི་ཡོན་ཏན་གྱི་རྨང་གཞི་གཅིག་མཚུངས་ཡོད། «ང་རྒྱལ»ནི་གཞན་གྱི་རོགས་རམ་ལ་བརྟེན་པ་མ་ཡིན་པར་རང་ཉིད་ཀྱི་ནུས་པའམ་རང་ཉིད་ཀྱི་གྲུབ་འབྲས་མཚོན་པ་ཡིན།

ང་རྒྱལ་གྱིས་ནི་རྩོད་གླེང་སློང་བ༌དང༌། །གྲོས་ལ་ཉན་པར་ཤེས་རབ་ལྡན་པ༌ཡིན།།
( ལེགས་བཤད། 13:10 )

ང་ཚོས་མཐོང་བ་ལྟར། རང་ཉིད་ལྟེ་བར་འཛིན་པའི་ང་རྒྱལ་དེ་ལ་དཀོན་མཆོག་གི་གསུང་རབ་ནང་ཡང་ནས་ཡང་དུ་སྨད་པ་དྲག་པོ་བྱས་ཡོད། དཔེ་འགའ་ཤས་འདི་ན་ཡོད།

མི་ངན་ང་རྒྱལ་ཆེ་བའི་རྐྱེན་དབང་གིས། ། དེ་ཚོས་འོ་དོད་བོས་ཀྱང་ལན་མི་གནང་།
( ཨེས་ཡོབ། 35:12 )
ཉམ་ཐག་མི་རྣམས་ཁྱེད་ཀྱིས་སྐྱོབ་པ་དང་། །ཁྱེད་ཀྱི་སྤྱན་གྱིས་རང་མཐོང་ཅན་རྣམས་གཟིགས། །ཁྱེད་ཀྱིས་དེ་རྣམས་སྨད་པར་མཛད་པ་འོ། །
( སཱ་མུ་ཨེལ་གཉིས་པ། 22:28 )
ཡ་ཝཱེ་ཁོང་ཉིད་བླ་མེད་ལགས་ན༌ཡང༌། །ཉམ་ཆུང་དག་ལ་ཁོང་གིས་གཟིགས་པར༌མཛད། །འོན་ཀྱང་ང་རྒྱལ་ཅན་དེ་རྒྱང་ནས༌མཁྱེན།།
( གསུང༌མགུར། 138:6 )

ཐག་གཅོད་གང་ཡང་མ་བྱས་གོང་། རང་གི་ལས་ཀའི་འབྲས་བུར་ང་རྒྱལ་སྐྱེས་པའི་བ་བེལ་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་གསུང་རབ་ཀྱི་གཏམ་རྒྱུད་ལ་ལྟ་རྟོག་བྱེད།

ཁོ་ན་རེ། གནས་མཆོག་པཱ་པེལ་ལོན་འདི་ནི་བདག་གི་དབང་སྟོབས་ཆེན་པོས་བཀོད་པ་སྟེ། ང་རང་གི་རྔམ་བརྗིད་མངོན་པའི་ཕྱིར་བརྩིགས་པའི་རྒྱལ་ས་མ་ཡིན་ནམ་ཞེས་སྨྲས་པའི་མོད་ལ།
( དཱ་ནེ་ཨེལ། 4:30 )

ང་ཚོ་ཕལ་ཆེ་བ་རྒྱལ་པོ་མིན་ཞིང་། ང་ཚོའི་གྲུབ་འབྲས་ཀྱང་ཆེན་པོ་མིན་སྲིད་ཀྱང་། ང་ཚོས་རྒྱུན་དུ་«ཁང་པ་འདི་ངས་རང་ལག་གིས་བརྩིགས་པ་ཡིན»དང་། «ངས་ཀུང་སི་ཡག་པོ་འདི་འདྲ་བཙུགས་པ་ཡིན»། ཡང་ན་«རྩེད་མོ་འདིའི་ནང་ངས་གཞན་ལ་ཕམ་པ་བཏང་»ཞེས་བཤད་པའམ་བསམ་ནས། རང་གི་འབད་བརྩོན་ལ་སྤོབས་པ་སྐྱེད། ལས་ཀ་ཡག་པོ་ཞིག་ཐོབ་པ་དང་། ཁྱིམ་ཚང་བརྟན་པོ་ཞིག་འཛུགས་པ། ཡང་ན་རྒྱུག་འགྲན་ལ་རྒྱལ་ཁ་ཐོབ་པ་སོགས། ང་ཚོར་གལ་ཆེན་གྱི་དོན་དག་ཅིག་ལ་འབད་བརྩོན་དེ་ཙམ་བྱས་རྗེས་སྤོབས་པ་སྐྱེ་བ་ནི་འཐད་པ་མིན་ནམ།

གསུང་རབ་ཀྱི་ཤེས་རབ་དཔེ་དེབ་གྲགས་ཅན་«ཆོས་བཤད་པ»ཡི་རྩོམ་པ་པོས། མི་སྒེར་གྱི་ཡོན་ཏན་དང་ལག་རྩལ་ཁོ་ནས་ཚེ་སྲོག་གི་བྱ་བའི་མཇུག་འབྲས་ཐག་གཅོད་མི་བྱེད་པ་ཤེས་རྟོགས་བྱུང་།

ཡང་ངས་བལྟས་པ་ལ་ཉི་མའི་འོག་ཏུ་མགྱོགས་མྱུར་ཅན་ཡིན་ཡང་བང་རྩལ་གྱིས་མི་རྒྱལ། དཔའ་བོ་ཡིན་ཡང་འཐབ་མོར་མི་རྒྱལ། ཤེས་རབ་ཅན་ཡིན་ཡང་ཁ་ཟས་མི་རྙེད། བློ་ལྡན་ཡིན་ཡང་རྒྱུ་ནོར་མི་རྙེད། མཁས་པ་ཡིན་ཡང་མི་ཡི་བརྩི་མཐོང་མི་འབྱུང་སྟེ། དེ་དག་ཐམས་ཅད་དུས་དང་སྔོན་ལས་བཞིན་དུ་འབྱུང་བས་སོ། །
( སྟོན་པ། 9:11 )

ལས་ཀ་དང་སྦྱོང་བརྡར། ཡང་ན་ལག་ལེན་ལ་འབད་བརྩོན་ཆེན་པོ་བྱེད་མཁན་རྣམས་ལའང་ལེགས་འགྲུབ་ཡོང་ངེས་མེད་པ་འདྲ། གན་རྒྱ་གསར་པའི་དུས་སུ་མདུན་དུ་སོང་ན། བྱ་བ་དེ་གལ་ཆེན་ཡིན་པ་འམ་གལ་མེད་ཡིན་པ་ལྟར་སྣང་ཡང་རུང་། དཀོན་མཆོག་གི་ཐུགས་ལས་ཅི་ཡང་མི་ཤོར་བ་ཡེ་ཤུས་གསལ་བཤད་གནང་།

ལར་བྱེའུ་གཉིས་ཀྱི་རིན་ཐང་ནི་དོང་ཙེ་གཅིག་མ་ཡིན༌ནམ། ཁྱོད་རྣམས་ཀྱི་ཡབ་ཀྱིས་མི་མཁྱེན་པར་དེ་རྣམས་ལས་གཅིག་ཀྱང་སར་ལྷུང་བར་མི་འགྱུར༌ལ།
( མད༌ཐཱ། 10:29 )

ནེ་བུ་ཀད་ནེ་ཙར་ལ་ཕྱིར་ལོག་ནས། ཁོང་གིས་རང་གི་གྲུབ་འབྲས་སྐོར་ང་རྒྱལ་གྱི་ཚིག་བཤད་རྗེས་ཅི་ཞིག་བྱུང་མིན་ལ་ཞིབ་འཇུག་བྱེད།

རྒྱལ་པོས་ཁ་ནས་ཚིག་མཚམས་མ་རྫོགས་པར་ནམ་མཁའ་ནས་སྒྲ་ཞིག་བྱུང་སྟེ། ཀྱེ་རྒྱལ་པོ་ནེ་བོ་ཀད་ནེ་ཙར། ཁྱོད་ལ་ཆེད་དུ་བསྒོ་བ་ནི། ཁྱོད་ཀྱི་སྲིད་དབང་ཁྱོད་ལས་བླངས་པ་ཡིན་ནོ། ། ཁྱོད་ནི་ཕར་བསྐྲད་ནས་མི་ཚོགས་དང་འབྲལ་དགོས་ལ། ས་སྟེང་གི་རྩྭ་ཟན་གྱི་རིགས་དང་ལྷན་དུ་གནས་དགོས་པ་དང་། ཁྱོད་ཀྱིས་བ་གླང་ལྟར་རྩྭ་བཟའ་བར་འགྱུར། ཡང་བླ་ན་མེད་པ་ཁོང་གིས་མི་ཡུལ་གྱི་རྒྱལ་སྲིད་ཀུན་ལ་དབང་སྒྱུར་བ་དང་། སུ་ཞིག་ལ་རྒྱལ་སྲིད་གནང་འདོད་ན་དེ་ལ་གནང་བ་ཁྱེད་ཀྱིས་རྟོགས་པའི་བར་དུ་མི་ལོ་བདུན་འདའ་བར་འགྱུར་ཞེས་གསུངས་སོ། །
( དཱ་ནེ་ཨེལ། 4:31-32 )

སྔོན་ནས་ལུང་བསྟན་པ་ཇི་བཞིན། སྐད་ཅིག་གཅིག་གི་ནང་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་ཁོང་ལ་སྤོབས་པ་ཡོད་པའི་ཅ་ཅང་ཚང་མ་བོར་ཞིང་། དཀའ་ངལ་ཅན་གྱི་དུས་ཚོད་ལ་ཐུག རྒྱལ་པོས་རྒྱལ་ཁྲི་དང་ང་རྒྱལ། གཟི་བརྗིད་བཅས་བོར། དེ་ནི་སློབ་ཚན་གོ་རྟོགས་དང་སློབ་སྦྱོང་བྱེད་པར་མེད་དུ་མི་རུང་བའི་ཉམས་མྱོང་ཞིག་ཡིན། དུས་ཡུན་ཞིག་གི་རྗེས། ཁོང་གི་གྲུབ་འབྲས་ཚང་མའི་རྒྱབ་ཏུ་ངོ་མ་སུ་ཡོད་མིན་ནེ་བུ་ཀད་ནེ་ཙར་གྱིས་ཤེས་རྟོགས་བྱུང་།

དེ་ནས་ལོ་བདུན་ལོངས་པ་ན། ནེ་བོ་ཀད་ནེ་ཙར་བདག་གིས་ནམ་མཁའི་ཞིང་ཁམས་སུ་ཡར་བལྟས་པ་དང་། བདག་གི་བློ་རིག་སྔར་བཞིན་གསལ་པོར་གྱུར་ནས་བླ་ན་མེད་པ་ཁོང་ཉིད་ལ་བསྟོད་བསྔགས་བརྗོད་ཅིང་། གཏན་དུ་བཞུགས་པ་ཉིད་ལ་གུས་འདུད་དང་གཟི་བརྗིད་ཕུལ་བ་ནི་འདི་ལྟ་སྟེ། ཁོང་གིས་རྒྱུན་ནས་རྒྱུན་དུ་རྒྱལ་སྲིད་སྐྱོང་། ། ཁོང་གི་རྒྱལ་སྲིད་མི་རབས་ཀུན་ཏུ་གནས། ། འཇིག་རྟེན་ཁམས་ཀྱི་མི་སྡེ་ཡོད་དོ་ཅོག ། ཁོང་གི་སྤྱན་སྔར་ཅི་ཡང་མ་ཡིན་ནོ། ། ནམ་མཁའི་དཔུང་ཚོགས་ཡོངས་ཀྱི་དཀྱིལ་དབུས་སུ། ། ཁོང་ནི་ཅི་ལ་དགྱེས་པ་དེ་བཞིན་བྱེད། ། ས་གཞིའི་མི་རྣམས་ཁྲོད་དུའང་དེ་བཞིན་ཡིན། ། སུས་ཀྱང་ཁོང་ལ་བཀག་འགོག་བྱེད་མི་ནུས། ། ཅི་དང་གང་ཞེས་འདྲི་བའི་སྤོབས་པའང་མེད། ། ད་ནི་ནེ་བོ་ཀད་ནེ་ཙར་བདག་གིས་ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་རྒྱལ་པོ་ཁོང་ལ་བསྟོད་བསྔགས་དང་གུས་འདུད། གཟི་བརྗིད་བཅས་དུས་གཅིག་ཏུ་འབུལ་ལོ། །གང་ལ་ཞེ་ན། ཁོང་གི་མཛད་པ་ཐམས་ཅད་ཡང་དག་པ་ཡིན་ཞིང་། གཤེགས་ལམ་ཐམས་ཅད་དྲང་བདེན་ཡིན་ནོ། །ང་རྒྱལ་དང་བཅས་སྤྱད་པ་སྤྱོད་པ་རྣམས་ཁོང་གིས་དམའ་བར་མཛད་ནུས་སོ་ཞེས་པའོ། །
( དཱ་ནེ་ཨེལ། 4:34-35,37 )

མཐའ་མར་ནེ་བུ་ཀད་ནེ་ཙར་གྱིས་ང་རྒྱལ་སྐོར་སློབ་ཚན་རིན་ཐང་ཅན་ཞིག་སྦྱངས། ང་ཚོས་ཀྱང་ནེ་བུ་ཀད་ནེ་ཙར་གྱི་གཏམ་རྒྱུད་ལ་བསམ་ཞིབ་བྱས་ནས་ལམ་སླ་བོ་ཞིག་གིས་སློབ་ཚན་འདི་སྦྱོང་ཐུབ་བམ།

གཏམ་རྒྱུད་དེས་ང་ཚོའི་གྲུབ་འབྲས་དེ་ངོ་མ་ང་ཚོའི་མིན་ཞེས་སྟོན་གྱི་ཡོད་དམ། ང་ཚོས་རང་ཉིད་ཁོ་ནས་ཅི་ཞིག་སྒྲུབ་ཐུབ་བམ། ཡེ་ཤུའི་གསུང་དྲངས་པའི་ཡོ་ཧ་ནན་གྱི་འཕྲིན་བཟང་གི་ལུང་ཞིག་གིས་འོག་ཏུ་ལན་སྟོན། ཡེ་ཤུས་ཚིག་དེ་དག་གི་གལ་གནད་གསལ་བར་བྱེད་པར། ཚིག་གཅིག་པ་དེ་ཉིད་ཅུང་ཟད་བསྒྱུར་ནས་ཡང་བསྐྱར་གསུངས་པར་དོ་སྣང་མཛོད།

ཁྱོད་རྣམས་བདག་གི་ནང་དུ་གནས་པར་གྱིས། ང་རང་ཡང་ཁྱོད་ཅག་གི་ནང་དུ་གནས་པར༌བྱའོ།། ཡལ་ག་གང་ཞིག་རྒུན་འབྲུམ་ཤིང་གི་སྟེང་དུ་མ་གནས་ན་རང་ཉིད་ལ་འབྲས་བུ་མི་ཐོགས་པ༌ལྟར། ཁྱོད་རྣམས་ཀྱང་བདག་གི་ནང་དུ་མི་གནས་ན་ཁྱོད་ཅག་ལའང་འབྲས་བུ་མི་འབྱུང་ངོ༌།།
( ཡོ་ཧ་ནན། 15:4 )
ང་རང་ནི་རྒུན་འབྲུམ་ཤིང་ཡིན་ཞིང་ཁྱོད་ཅག་ནི་ཡལ་ག༌སྟེ། སུ་ཞིག་ངའི་ནང་དུ་གནས་ཤིང་ང་རང་ཡང་ཁོའི་ནང་དུ་གནས་ན་མི་དེ་ལ་འབྲས་བུ་མང་པོ་འབྱུང༌བ་ཡིན། གལ་ཏེ་ང་རང་དང་ཁ་བྲལ་ན་ཁྱོད་རྣམས་ཀྱིས་ཅི་ཡང་བྱ་མི་ནུས་སོ།།
( ཡོ་ཧ་ནན། 15:5 )

ང་ཚོར་ནུས་ཤུགས་སྩལ་ནས་རྩེད་མོར་རྒྱལ་ཁ་ཐོབ་པའམ་ལས་ཀ་ཡག་པོ་ཐོབ་ཐུབ་པར་མཛད་མཁན་ནི་དཀོན་མཆོག་ཡིན། དཀའ་ངལ་རྙོག་འཛིང་ཅན་སེལ་སྐབས་གསར་གཏོད་ཀྱི་བསམ་ཚུལ་གྱི་འབྱུང་ཁུངས་ནི་དཀོན་མཆོག་ཡིན་ཞིང་། ང་ཚོས་འགོ་བཙུགས་པ་རྣམས་བརྟན་པོས་མཇུག་སྒྲིལ་བའི་སྟོབས་ཀྱང་ཁོང་གིས་སྩོལ། དོན་འདི་དག་ཤེས་རྟོགས་བྱུང་ན་དཀོན་མཆོག་གི་ངོ་བོ་དངོས་དང་ང་ཚོའི་ཚེ་སྲོག་ནང་ཁོང་གི་ནུས་པ་མངོན་ཞིང་། ང་ཚོ་ཁོང་དང་ཉེ་རུ་འགྲོ།

ཁྱོད་ཀྱིས་བློ་གཅིག་སེམས་གཅིག༌གིས། །ཡ་ཝཱེ་ཁོང་ལ་བློ་གཏོད༌ཅིག །རང་གི་རིག་པར་མ་བརྟེན༌ཞིག། རང་ཉིད་འགྲོ་བའི་ལམ་ཀུན༌དུ། །ཁོང་ཉིད་ཁས་ནི་ལེན་པར༌གྱིས། །ཁོང་གིས་ཁྱོད་ཀྱི་བགྲོད་ལམ༌ནི། །བདེ་ཞིང་དྲང་བར་མཛད་ངེས༌ཡིན།།
( ལེགས་བཤད། 3:5-6 )
དོན་གང་ལའང་སེམས་ཁྲལ་མི་བྱ༌བར། དོན་ཐམས་ཅད་ཀྱི་ཆེད་དུ་གསོལ་བ་འདེབས་པ༌དང༌། སྨོན་ལམ་ཞུ༌བ། དྲིན་ལན་བརྗོད་པ་བརྒྱུད་ནས་ཁྱོད་ཅག་གི་དགོས་མཁོ་གང་ཞིག་དཀོན་མཆོག་ལ་ཞུས་དང༌།
( ཕི་ལིབ་པི་པ། 4:6 )
དེའི༌ཕྱིར། ཁྱོད་རྣམས་ཀྱིས་བཟའ་བཏུང་ངམ་ལས་གང་ཞིག་བྱེད་ཀྱང་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པའི་ཕྱིར་བསྒྲུབ་པར༌བྱའོ།།
( ཀོ་རིན་ཐུ་པ་དང་པོ། 10:31 )

ང་ཚོས་རང་གི་ཚད་ཡོད་པ་ངོས་ལེན་བྱས་ཏེ། ཡེ་ཤུར་བརྟེན་ན་སེམས་ཞི་བདེ་ཡོང་བ་དང་། དཀའ་ངལ་ནང་ང་ཚོར་རྒྱབ་སྐྱོར་བྱེད་པ། དེ་བཞིན་ང་རྒྱལ་དང་གཟི་བརྗིད་ཀྱི་ཚོར་བ་འཛིན་སྐྱོང་བྱེད་པར་ལམ་སྟོན་བྱེད་པ་ཤེས་རྟོགས་ཀྱིས་སེམས་གསོ་རྙེད།